R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༧༢
[A:༣༧༢]རིགས་སྲས་དམ་པ་ཉི་ཟླ་ཟུང་ལ་རྣམ་སྲས་རིགས་ཆེན་བཅོ་ལྔའི་རྗེས་གནང་སྩོལ་སྐབས་མཛོད་འཛིན་ཀུན་དགའ་ཕུན་ཚོགས་ཀྱིས་ཐུགས་རྒྱུད་བསྐུལ་བ་ལྟར། དངུལ་བྲེ་ཆེན་བརྒྱ་རྩ་སོགས་རྗེ་བཙུན་ས་སྐྱ་པའི་ཐེབས་སུ་གན་མཛོད་འདིར་འཇོག་པར་མཛད་པ་དང་། ནང་ལྟར་ན་ཁམས་གསུམ་དབང་དུ་སྡུད་པའི་གདུང་རྒྱུད་རིན་པོ་ཆེ་མྱུར་དུ་ཞལ་གཟིགས་ཀྱི་བརྡར་གོར་མ་ཆག། གྲོ་བཞིན་ཟླ་ནང་ཙམ་ལ་སྤྱན་ལྟས་སུ། པུ་ཏྲར་འཕྲིན་འཆོལ་དམིགས་ཕུག་མཛད་ཚེ་ཆུ་ལུག་ནང་གདུང་རྒྱུད་རིན་པོ་ཆེ་འབྱོན་པར་ལུང་བསྟན་པ་དང་དུས་མཚུངས། འདར་གྲང་མཁན་ཆེན་ངག་དབང་ཤེས་རབ་ནས་ཀྱང་ཐུབ་བསྟན་དགེ་འཕེལ་དུ། གདུང་རབས་མྱུར་འབྱོན་གྱི་གསོལ་འདེབས་ནན་ཏན་མཛད་པའི་མནལ་ལམ་དུ། འཇམ་དབྱངས་ཀྱི་བྲིས་སྐུ་ཞིག་གི་གྲས་ལ་བྱིས་པ་ཆུང་ངུ་དར་དང་རིན་པོ་ཆེས་བརྒྱན་པ་ཞིག་ཀྱང་བྱུང་བ་བཞིན། གདུང་རྒྱུད་ཕེབས་ངོ་ཤིན་ཏུ་ཆེེ་བ་འཁྲུངས་ཤིང་། གཞན་ཡང་གྲོ་བཞིན་ནང་རྗེ་ཉིད་ནས་ནང་སོར་འཕྲིན་འཆོལ་ཞག་གཅིག་མ་དང་། ཁྲུམས་ཟླའི་བཅུ་བཞི་ནས་བཟུང་གཏའ་གཏོར་ཟུར་བརྒྱད་པ་འཛུགས་གནང་དང་ཆབས་ཅིག་འཕྲིན་འཆོལ་ཞག་གསུམ་མ་མཛད་དེ་རྒྱལ་ཟླའི་བཅུ་བཞིའི་བར་དུས་གཏོར་ཆག་མེད་བཟུང་ནས། གཏོར་མ་སྤོ་བར་མཛད་དེ། ཆུ་ལུག་རྟ་ཟླ་ནས་ཆུ་སྟོད་ཀྱི་བར་ལ་གཏོར་འཛུགས་མཛད་པའི་དམ་བཅའ་གནང་ཞིང་། དེ་ཁོངས་སུ་གདུང་རྒྱུད་ངེས་པར་འབྱོན་པ་དང་། དེ་ཡང་ཆུ་ལུག་ནག་ཟླའི་ཚེས་འགོ་རང་ལ་ངེས་པར་འབྱོན་པའི་འཕྲིན་འཆོལ་གནད་བསྣུན་མཛད་པའི་