R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༧༣
[A:༣༧༣]དུས་གཏོར་བཟུང་བ་གནང་བ་ཡིན་ཏེ་གང་གི་རྣམ་ཐར་ཞལ་གསུང་མ་ལས་ཀྱང་། མི་བཟུང་དགུ་བཟུང་ཡབ་རྗེ་ཀུན་བློས་བཟུང་། །ཐུགས་རྗེ་བཟློག་མེད་ལྕགས་ཀྱུས་བཟུང་བའི་ཁར། །མི་བྱེད་དགུ་བྱེད་པུ་ཏྲ་ཟེར་བ་ཁོས། །བྱེད་རྒྱུ་ཐམས་ཅད་ཟད་ནས་ང་འདྲ་བ། །མངས་ཤོས་སྡུག་ཤོས་རྫིི་འཚུབ་འདི་འདྲ་ཞིག །ཆུ་མོ་ལུག་ལ་འཁོན་གྱི་གདུང་དུ་བསྐྱལ། །ཞེས་གསུངས་པའི་དོན་ཡང་འདི་བཞིན་དང་། ལོ་རྒྱུས་འདི་ལ་དཔགས་ན། དཔལ་ས་སྐྱའི་ཆོས་སྲུང་ལས་མགོན་པོ་ཆེན་པོ་ཉིད་ཀྱིས་སྙིགས་དུས་ཀྱི་བསྟན་སྲིད་ལ་དམུ་འགོང་དམ་སྲི་གདུག་པ་ཅན་རྣམས་འདུལ་ཕྱིར། བསམ་བཞིན་དུ་གུ་རུ་པདྨ་འབྱུང་གནས་ཉིད་འཁོན་གྱི་གདུང་དུ་སྐུ་སྤྲུལ་པའི་སྐྱེ་བར་བཞེས་པར་གདན་དྲངས་སམ་སྙམ་མོ། །གཞན་ཡང་ཡབ་རྗེ་ཀུན་བློས། དཔལ་ས་སྐྱའི་དབང་ལྷ་ཚོགས་བདག་དང་། གཞི་བདག་རྟག་འཚེར་གངས་མཆོད་གཉིས་ཆར་ཚིག་རིས་མཐུན་པར། གདུང་རྒྱུད་དྲི་མེད་ལོ་ཟླ་མ་འགྱང་བར། །མྱུར་དུ་འབྱོན་ཞིང་བྱོན་པ་དེ་དག་ཀྱང་། །སངས་རྒྱས་བྱང་སེམས་རྣམ་འཕྲུལ་ཤ་སྟག་ལས། །མི་དང་མི་མིན་ཕས་རྒོལ་གང་གིས་ཀྱང་། །མཐོ་འཚམ་བར་གཅོད་ཀུན་གྱིས་མི་ཚུགས་ཤིང་། །བདུད་དང་བདུད་ཀྱི་རྗེས་འབྲངས་ཇི་སྙེད་པ། །སྐད་ཅིག་ཙམ་གྱིས་རྡུལ་དུ་རློག་པ་ལ། །ཕྱག་ན་རྡོ་རྗེ་ལྟ་བུའི་མཐུ་སྟོབས་མཛོད། །ཅེས་སོགས་བཀའ་བསྒོ་འཕྲིན་བཅོལ་དམིགས་ཕུག་གནང་བས། དམ་ཅན་རྣམ་གྱིས་ཐོགས་མེད་དུ་འགྲུབ་པའི་ཚུལ་ཤིན་ཏུ་ངོ་མཚར་བའི་རྣམ་ཐར་རོ། །ཡང་ཆུ་ལུག་སྐུ་རིམ་ཆེན་མོ་དང་ཉེ་བར་མངའ་