R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༧༧
[A:༣༧༧]གྱུར་ཀྱང་སང་ཉིན་སྐུ་གཟུགས་རྒྱུན་ལས་བདེ་ཞིང་ཞལ་བཀོད་བདེ་བ་སོགས་ཡབ་སྲས་གཉིས་ཀའི་གྲུབ་ཚན་དང་། ནམ་ལངས་ལ་གཟིམ་ཆུང་རྩེར་ལྷ་བསངས་དང་། རྒྱུན་གྱི་ཉམས་བཞེས་སམ་བཅུད་ཉེ་བ་རྣམས་གྲུབ་ནས། གང་གི་ཐུགས་སྲས་མཆོག་ལ་སྐུ་གསུང་ཐུགས་རྟེན་སྐུ་རྟེན་བིརྺ་པའི་སྣང་བརྙན་སྡིག་མཛུབ་ཀ་པ་ལི་ཅན་ཁྱད་མཚར། གསུང་རྟེན་རིགས་གཏེར། རིག་གནས་དུ་མ་འདུས་པའི་ཡིག་ཆ་ལམ་ཟབ་དང་བིར་སྲུང་ཕྱི་ནང་སོགས་ས་སྐྱ་པའི་ཡབ་ཆོས་དུ་མ་འདུས་པའི་དཔེ། ཐུགས་རྟེན་ལྕགས་ཀྱི་རྡོ་རྗེ་རྩེ་དགུའི་ཐོག་དྲངས་རྟེན་འབྱུང་དངོས་སྐྱེས་བཟང་དགུ་བསྩལ་ཏེ། ཕན་བདེ་འབྱུང་བའི་སོགས་དགེ་ལེགས་ཚིགས་བཅད་དང་བཅས་བསྩལ་ཅིང་། ཡུམ་དང་ཞབས་འབྲིང་རྣམས་ལའང་གནང་ཆ་བཅས་དང་། རྣམ་ཐར་ཞལ་གསུང་མ་གོང་འཕྲོས་ལས། བསྐྱལ་བའི་འབྲས་བུ་གདུག་འཚུབ་ཁོ་སྐྱེས་ནས། །ཉེར་གཅིག་བར་དུ་ས་ཆེན་ཀུན་བློ་ཉིད། །འབྲལ་མེད་བསྟེན་ནས་དབང་ཁྲིད་མན་ངག་ལུང་། །རྗེས་གནང་བྱིན་རླབས་གྲངས་མེད་ཚད་མེད་ཐོབ། །ལོ་གཅིག་ནས་བཟུང་ལོ་དགུ་མ་ལོན་བར། །དྲིན་ཆེན་ཡབ་ཡུམ་རྣམས་ཀྱིས་གཅེས་པར་བསྐྱངས། །ཞེས་གསུངས་པ་ལྟར། ཆོས་བཀའི་ཐོག་མར་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་སྐྱོབས་པ་འཆི་མེད་དབང་པོ་ལྷ་དགུའི་བཀའ་དབང་གི་སྣ་བདུན་རྫས་བརྒྱད་རྣམས་གདུང་རྒྱུད་རིན་པོ་ཆེའི་སྐུ་པང་དང་བཞུགས་གདན་ཁར་འཇོག་པར་མཛད་པས། དེའི་ཚེ་གཞན་ལས་མཛེས་ཆགས་པ་ཞིག་བྱུང་གསུངས། དེ་ནས་གུ་རུ་དྲག་དམར་གྱི་དབང་བཅས་མཛད་ཅིང་། དེ་ནས་