R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༧༨
[A:༣༧༨]དབང་ཁང་ཕུར་མཆོད་གཏོར་ཟབ་གཤོམས་ཀྱིས་སྔར་མགྱོགས་གཏང་རག་དང་། རྒྱུན་རིང་བར་ཉིན་ལྟར་སྐུའི་རྐྱེན་སེལ་དང་། བལྟམས་ནས་ཞག་བཅུ་ཟླ་བཅུ་ལོ་བཅུ་སྐུ་རིམ་གཟབ་དགོས་མཆིས་པ་བཞིན་དང་། ཞབས་རིམ་གནང་ཚུལ་དང་། ནང་གསོ་ཡབ་རྗེ་ཉིད་ནས་སྔ་མགྱོགས་གཏང་རག་གསང་ཁོག་ཏུ་མཆིས་པའི་རྗེ་བཙུན་དྲུང་རྣམས་དང་། མཁན་ཕྱག་གཉེར་གསུམ་སོགས་ནས་ལེགས་འབུལ་དང་། གཟའ་སྐར་དགེ་བའི་ཐོག་མཚན་བྱང་དར་དཀར་ལ་མཚལ་གྱིས་དཔལ་ལྡན་ཆོས་སྐྱོང་ངམ་དབང་སྡུད་སྙིང་པོར་གསོལ་བ་ནི། རྗེ་ས་ཆེན་གྱི་སྤྲུལ་གཞི་དེ་དང་འཁྲུངས་སྐབས་དབང་ལྷ་ཚོགས་བདག་གི་བསྐང་གསོ་ཚུགས་པས་ན་དབང་སྡུད། ས་ཆེན་གྱི་མཚན་མཐའ་སྙིང་པོར་གསོལ་བ་བཅས་འདྲི་བའི་དབུ་ཚུགས་པ་དང་ཚོགས་དུང་གསུང་བསྐུལ་སྟབས་འགྲིག་ཀྱང་བྱུང་ཞིང་། དེ་དུས་ཆོས་གྲྭ་ལྷོ་བྱང་འདུས་ཚོགས་ལ་བདེན་ཚིག་བཀྲ་ཤིས་འགྱུར་མེད་གཡུང་དྲུང་ཐུགས་འཛིན་དུ་བསྩལ་ཞིང་། གཞན་ཡང་སྐུ་གནང་གཅེས་རྟབས་གཏང་རག་དང་། སྤྱི་སྒེར་ནས་ཞབས་ལེགས་སོགས་རྒྱ་ཆེར་ཕུལ་ཚུལ། སྣྲོན་ཟླ་གསང་བརྟོལ་ཏེ་ལྷ་མཆོད་གཟབ་མ་འཁོར་ནས་ཆ་ཁམས་ཀྱིས་གཞས་བསུ་བཅས་ཚོམས་དམར་དུ་རྒྱན་འགྲེམས་བཅས། ས་ཁོངས་ཡོད་དོ་ཅོག་ནས་ལེགས་འབུལ་དང་། གཏམ་སྙན་དར་འཕྱར། བགྱིས་པ་དུད་ཆུང་སོགས་མདུང་དར་མེད་པ་རྣམས་ཀྱང་རྡབ་ཤོགས་ཀྱི་དབྱུག་པ་རང་བཞིན་གྱི་རྩེ་ལ་དར་རས་འཕྱར་བ་སོགས་བྱུང་ཞིང་། དེ་དུས་ཚོགས་ཆེན་དབུ་བྱེད་ནས་བདེན་ཚིག་ཞབས་བརྟན་བསྐུལ་