R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༨༠
[A:༣༨༠]པ་རྗེ་ཉིད་ཀྱིས་གསར་བསྐྲུན། ངོ་མཚར་དཔལ་འདྲེན་དུ་ཕེབས་འཕྲལ་ཕར་ཕྱིན་དྲུག་གི་ཤིས་བརྗོད་བྱབས་ཁྲུས་སོགས་མཛད་མུར་ཆར་ཆེན་པོ་ཞིག་བབས་པས། ཡང་རྗེ་ཉིད་ཀྱི་ཐུགས་ལ་རྟེན་འབྲེལ་རབ་ལ་སྒྲིག་མི་དགོས་ཟེར་བ་དེ་འདི་ཡིན་དགོངས་པ་འཁྲུངས་ཤིང་། གཟིམ་ཆུང་རྩེར་ལྷ་བསངས་དང་། དེ་ནས་རྣམ་འཇོམས་སྦྱངས་ཁྲུས་ཚེ་ཆོག ལོ་གཏོར་གསར་འཛུགས་རྣམས་མཛད་ཅིང་། རིག་འཛིན་ཕོ་བྲང་དང་ལྷ་ཆེན་རྩེར་བྱང་པ་ཚོགས་ཡོངས་ནས་ལྷ་བསངས་བསྐང་གསོ་སོགས་ཞལ་བཀོད་བཞིན་དང་། གནས་དེ་དག་གི་རྩེ་ནས་ཉིན་གང་དར་འཕྱར་དུང་འབུད། གཞན་ཡང་ཀོང་གཞས་བཅས་དང་། རིམ་གྱིས་ཕུར་སྒྲུབ་འཕྲིན་འཆོལ་སྔོན་འགྲོའི་དངོས་གཞིའི་མཆོད་གཏོར་རྣམས་སྔར་བས་ལྡབ་འཕར་དང་། བཅུ་བཞི་བཅུ་དགུ་ཉེར་ལྔ་སོགས་ལ་དཀྱིལ་འཁོར་ཟངས་དྲའི་སྒྲོམ་རྩེར་གདུགས་རྒྱལ་མཚན་བ་དན་སོགས་འཕྱར་ཞིང་། ཉེར་དགུའི་ཉིན་ཚོགས་རྫས་རྒྱ་ཆེར་བཤམས་པ་སོགས་དེང་སང་ཕུར་སྒྲུབ་གཟབ་རེས་སུ་གྲགས་པའི་རྒྱུན་འདི་བྱུང་། ཕུར་སྒྲུབ་སྐབས་གཞིས་བྱེས་ནས་ཞབས་བརྟན་ལེགས་འབུལ་འཆར་འཕར་མང་དུ་བཞེས། ཁྲུམས་ཟླའི་ནང་ཕོ་བྲང་གཞི་ཐོག་ཏུ་ཕེབས་སྐབས་ཀྱི་བཅའ་སྒྲིག་ཀྱང་གོང་བཞིན་ལ་ཕེབས་འཚམས་བརྩེ་ཆེན་ལྷ་ཁང་དུ་གྲ་སྒྲིག་མཛད་དེ། ས་ཆེན་སྣང་བརྙན་རིན་པོ་ཆེར་སྙན་ཤལ་མཆོད་འབུལ་བཅས་གནང་བ་འདི་ནི་འཇམ་མགོན་དབང་གི་མཚན་ཅན་ཉིད་ཀྱི་གཙུག་ལག་ཁང་དུ་ཕྱག་ཕེབས་པའི་སྒོ་དང་པོ་དང་། དེ་ནས་གཏང་རག་སྨན་ཆབ་སོགས་ལུགས་འགྲོ་བཀའ་