R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༨༡
[A:༣༨༡]དྲིན་ཆེ་ནས། ཁྲུམས་ཟླའི་གཟའ་ཚེས་དགེ་བ་ནས་ཉེར་བསྡོག་མཛད་ནས་འཁྲུངས་སྟོན་མདོས་ཆེན་གཟབ་རེས་མཛད་ཚུལ་རྣམས་གོང་ཡབ་རྗེའི་རྣམ་ཐར་བཞིན་དང་ཤིང་སྤྲེལ་གསར་ཚེས་ཀྱི་རྒྱལ་ལོའི་སྐབས་འཕྱར་དར་ཚང་མ་དཀར་པོ་དང་། ཚོགས་པས་གོས་བེར་གྱོན་པ་སོགས་སྔར་སྲོལ་ལ་མེད་ཀྱང་ཁྱད་མཚར་མཛད། ལོ་གསར་བཞུགས་གྲལ་གཟབ་མའི་ཐོག་སྡེ་དགེ་སྐུ་ཚབ་ནས་ད་ལྟར་ཞལ་གྲོར་བཞུགས་པའི། གཟུངས་གྲྭ་ལྔའི་སྐུ་སྒྲོས་གཙང་འདི་རྣམས་ཕུལ་ཞིང་། ཟླ་བ་དེ་འཁྲུངས་ཟླའི་བཅུ་པ་སྐུ་དོགས་དུས་ཡིན་པ་བཞིན་ཡབ་རྗེ་མཆོག་ནས། དེ་ལོའི་དཔྱིད་དབྱར་སྟོན་སོགས་འདི་ཁུལ་ལ་རིམས་ནད་ཡོད་མུར་གདུང་རྒྱུད་རིན་པོ་ཆེར་ཡང་བེག་གེ་བཞེས་པས་མགུལ་མི་བདེ་བ་འཁྲུངས་འཕྲལ་རྗེ་ཉིད་ནས་རི་ཁྲོད་མ་དང་། ལྗགས་ཆུ། སྐུ་རིམ་རྣམས་ནར་མར་གནང་བས་མྱུར་དུ་སྙུན་ལས་གྲོལ་བས་ཡབ་རྗེ་ཉིད་ཐུགས་སྤྲོ་བས། སྒོ་རུམ་ནང་སོ་སོགས་སུ་ཕེབས་ཏེ། སྔར་སྐུ་བལྟམས་དུས་གཏང་རག་ལ་ཕུལ་བའི་ལྷ་མདུང་ལ་དར་ཡུག་རིང་མོ་རེ་གསོལ་བར་མཛད་དོ། ། དགུང་གྲངས་གསུམ་དུ་ཕེབས་པ་ཤིང་བྱ་ལོ་ཡབ་རྗེ་རྡོ་རྗེ་འཆང་གི་དགོངས་བཞེས་ཐུན་མོང་མ་ཡིན་པ་ཞལ་གྲོ་ལྷ་ཁང་རྟེན་དང་བརྟེན་པ་བཅས་པ་སྔར་མེད་གསར་དུ་བསྐྲུན་ཚུལ་རྣམས་གོང་ཡབ་རྗེའི་རྣམ་ཐར་བཞིན་དང་སྐུ་རྣམ་བཞེངས་ཟིན་ནས་རབ་གནས་ཡོན་སྒོར་རྗེ་ཉིད་བྱོན་ཐོག་རྟེན་གཙོ་རྣམས་ཀྱི་དབུ་ཐོག་གདུགས་དང་། སྐུ་མདུན་དུ་མཆོད་པའི་བྱེ་བྲག་བླ་བྲེ། འཕན།