R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༨༢
[A:༣༨༢]མར་མེ། ཞལ་ཟས། རྔ་ཟླུམ། འཁར་རྔ། དུང་སོགས་གཙུག་ལག་ཁང་གི་ཉེར་སྤྱད་རྣམས་ཕྱག་ཏུ་བསྟར་ཙམ་རེ་མཛད་ནས། སྐུ་རྣམས་ཀྱི་དྲུང་དུ་ཕུལ་ཏེ། བཞུགས་ཁྲི་ལ་ཕེབས་པའི་ཐོག་ལའང་དེ་འགྲིག་པས་རྫས་བརྒྱད་མངའ་གསོལ་ཤུགས་འབྱུང་དུ་བྱུང་བའང་སྔར་འདྲ་འདྲ་འགྲིག་འགྲིག་མཛད་པ་མ་ཡིན་པར། རང་འགྲིག་དེ་རིང་རྣམ་པ་ཀུན་ཏུ་མང་དུ་བྱུང་བ་རྣམས་ནི་ཡབ་སྲས་ཡུམ་བཅས་ཀྱི་ངོ་མཚར་བའི་མཛད་པ་ཤ་སྟག་དང་། རབ་གནས་ཞབས་བསྐོར་དང་སྟབས་མཚུངས་སྣང་བརྙན་གསར་བཞེངས་རྣམས་ཞལ་གྲོ་གཙུག་ལག་ཁང་དུ་སྤྱན་དྲངས་ཚུལ་དང་། མེ་ཏོག་གི་ཆར་སྔར་སུས་ཀྱང་དྲན་མ་མྱོང་བ་ལྟ་བུ་བབས་པ་ཡབ་སྲས་ཟུང་གི་གྲུབ་མཚན་ངོ་མཚར་བ་དང་། གཞན་ཡང་གཞོན་ནུ་ཉིད་མནལ་དང་འོད་གསལ་འདྲེས་པར། བྲམ་ཟེ་ཚངས་པ་ཚངས་པར་ཤེས། ཞེས་སོགས་མཚན་བརྗོད་ཀྱི་ཚིག་འགའ་རང་བྱུང་དུ་གསུངས་པ་ནི་འཇམ་དབྱངས་ས་པཎ་གྱིས་ངེད་ཀྱི་མི་རྒྱུད་མནལ་མ་ལ་འོད་གསལ་རེ་རྒྱུན་དུ་ཡོད་ཚུལ་གསུངས་པ་མ་ཟད། འཁྲུངས་རབས་ཀུན་ཏུ་འཕགས་པ་འཇམ་དཔལ་གྱིས་རྗེས་སུ་བཟུང་བའམ། ཡང་ན་དངོས་དང་དབྱེར་མ་མཆིས་པ་ཁོ་ནར་མངོན། གཞན་ཡང་ཞལ་གྲོའི་སྐོར་རབ་སྟོན་བཅས་རྒྱ་ཆེར་མཛད་པ་རྣམས་གོང་ཡབ་རྗེའི་རྣམ་ཐར་སྐབས་ཞིབ་པར་སྨོས་པ་བཞིན་དང་། དགུང་གྲངས་བཞིར་ཕེབས་པ་མེ་ཁྱི་ལོར། ཡབ་རྗེ་མཆོག་ནས་ཡུམ་སྲས་རྣམས་ལ་གདུགས་དཀར་ཉེར་བདུན་མ་དང་། གཤེད་དམར་ལྷ་ལྔ་རྣམས་ཀྱི་དབང་སླར་བྱུང་གི་