R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༨༣
[A:༣༨༣]དགེ་མཚན་དུ་མ་དང་ལྡན་པས་གསན་པར་མཛད་ཅིང་། དགུང་གྲངས་བཞི་པ་མེ་ཁྱི་ལོར་འཇམ་མགོན་གཅུང་རིན་པོ་ཆེ་བལྟམས་པའི་སྐོར་འོག་ཏུ་གསལ་ཞིང་། དགུང་གྲངས་ལྔར་མེ་ཕག་ལོ་གཞི་ཐོག་ཤར་ནུབ་མཐོ་དམའ་སྙོམས་སྐབས་སོགས་དང་། དགུང་གྲངས་དྲུག་པ་ས་བྱི་ལོ་མཛོད་པ་ཤེས་རབ་ཕུན་ཚོགས་འདས་ཚབ་ལྕམ་གྲའི་དྲུང་ཡིག་ཀུན་ཕུན་མཛོད་པར་འཁོད་སྐབས་དང་། ནང་སོ་མགོན་ཁང་ཉམས་གསོ་སོགས་གོང་ཡབ་རྗེ་དམ་པའི་རྣམ་ཐར་དུ་ཞིབ་པར་སོང་བ་བཞིན་མཛད་ལོ་དང་། དགུང་གྲངས་བདུན་པར་གཞོན་ནུ་ཉིད་ཀྱི་ཨ་ཎིར་གྱུར་པ་མཆོག་གསུམ་མ་སྐུ་མ་འཚོ་བ་ཡབ་རྗེ་མཆོག་ནས་གཤེགས་རྫོང་ཞབས་འཇུག་རྣམས་དང་གདུང་སྲས་ཟུང་ལ་དབང་སོགས་རྒྱས་པར་མཛད་ཅིང་། ལོ་དེའི་སྣྲོན་ཟླའི་ཚེས་འགོར་འཇམ་མགོན་གཞོན་ནུ་ཉིད་སྐུ་ཡོན་གསན་སྦྱང་ཐོག་མ་གནང་རྒྱུའི་སྐུ་རིམ་དུ། འཇམ་དབྱངས་ཆོས་རྒྱལ་མ་སྤྱན་འདྲེན་གྱིས་མཆོད་གཤོམ་རྒྱས་པ་དང་བཅས་འཇམ་འདོན། བསྐང་བཤགས། སྐུ་ཁྲུས་སོགས་ལ་ཐུགས་བརྩོན་དང་། ཚེས་གསུམ་གཟའ་ཆོས་དགེ་ཉིན་ཡབ་རྗེ་རྡོ་རྗེ་འཆང་ཆེན་པོ་ཉིད་ནས་ཡོན་ཏན་ཀུན་གཞིའིི་ཡི་གེའི་མ་མོ་འཛིན་ཆོས་བཅས་འབུལ་གནང་གི་སྔོན་འགྲོར། སྐུ་གསུང་ཐུགས་རྟེན་སོགས་ཀྱིས་རྗེས་དྲངས། ཕན་བདེ་འབྱུང་བའི་སོགས་བསྟན་འཛིན་ཡུན་བརྟན་སྐུ་ཚེ་རྒྱས་ཤིང་བཞེད་དོན་འགྲུབ་པའི་ཐུགས་སྨོན་དང་། ཁྱད་པར། སྒྲུབ་དང་སུན་འབྱིན་གསལ་བའི་ཉི་འོད་ཀྱི། ཞེས་སོགས་ཀུན་མཁྱེན་ཆེན་པོའི་ཚད་མའི་ལམ་རིམ་ནས་