R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༩༡
[A:༣༩༡]ཀྱི་ཐུགས་བཞེད་ཐུན་མོང་མ་ཡིན་པ། ལྷ་ཆེན་ཁྱམས་སྟོད་དུ་ད་ལྟའི་གསེར་ཁྲི་རིན་པོ་ཆེ་གསར་བསྐྲུན་གྱི་ཞལ་གྲོ་ཚོགས་དབུར་ཡབ་སྲས་ཞལ་རྒྱས་ནས་ཕེབས་སྐབས་དགེ་འདུན་ཚོགས་ཡོངས་ལ་བསྙེན་བཀུར་དང། དེ་ཉིན་འབུལ་བ་རྣམས་དངོས་ཐོག་ཏུ་ཕབ་པ་དངུལ་སྲང་ལྔ་སྟོང་སུམ་བརྒྱ་དང་བཞི་ལ་སོགས་པ་བྱུང་བ་ཞིབ་རྒྱས་གོང་ཡབ་རྗེ་རྡོ་རྗེ་འཆང་གི་རྣམ་ཐར་བཞིན་དང་། དགུང་གྲངས་བཅུ་གཉིས་ལ་ཕེབས་པ། རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་བསྐྱེད་རླབས་པོ་ཆེས་དཔལ་ས་སྐྱར་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གཞུང་སྐྱོར་ཚེས་མཆོད་ཐོག་མར་ཚུགས་སྐབས། མ་བསྒྲིགས་རང་འགྲིག་གི་ངོ་མཚར་དུ། ཨོད་དུ་སུ་ཛ་སག་བས་སེ་ཏཱ་ལས་ཚེ་ཆེན་ཚོ་ཐུར་བཀྲ་ཤིས་ཚེ་རིང་གི་གསུང་བྲིས་རྟེན་གོས་དར་དངུལ་སོགས་སྤམ་མཐོ་བ་དང་། དེ་སྲས་ཐཱ་ཇི་མགོན་པོ་རྡོ་རྗེ་བྱོན་པས་དངུལ་གྱི་མཎྜལ། དངུལ་བྲེ་ཆེན་མང་བ། ཞང་པོ་མེ་རིན་བདེ་མཆོག་གིས་ཀྱང་དེ་བཞིན་བཅས་འབྱོར་བ་སོགས་གཞུང་སྐྱོར་གྱི་ལ་ཉེ་བཟང་ཞིང་། དེ་ཉིན་རྗེ་རྡོ་རྗེ་འཆང་ཡབ་སྲས་ནས་གནས་བཅུ་ལྷ་ཁང་རྟེན་དྲུང་མཆོད་ཚོགས་གཟབ་པའི་དབུས་སུ་གོང་གི་མཎྜལ་སྣེ་འདོགས་བཅས་བཤམས་ནས། རྣམ་འགྲེལ་གཞུང་སྐྱོར་ཐུགས་བསམ་རྣམ་དག་གིས་བསྐྲུན་པ་འདི་རྒྱལ་བ་བུ་རམ་ཤིང་བསྟན་པའི་གསལ་བྱེད་དམ་པར་གྱུར་ནས། སྐྱེ་དགུ་ཀུན་ལ་འཕྲལ་ཡུན་ཕན་བདེ་རྒྱ་ཆེར་འབྱུང་བ་ཞིག་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རྣམས་ལ་གསོལ་བ་འདེབས་དང་ཐུགས་སྨོན་འཕགས་པ་ཀུན་ཏུ་བཟང་པོའི་རྗེས་