R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༩༢
[A:༣༩༢]སུ་འགྲོ་བ་བསྩལ་ཞིང་། དགུང་གྲངས་བཅུ་གསུམ་དུ་ཕེབས་པ་ཤིང་ལུག་ལོ་རྒྱལ་ཟླ་ནས་བཟུང་ཡབ་རྗེ་རིགས་བརྒྱའི་ཁྱབ་བདག་མཆོག་ནས། འཇམ་མགོན་སྐུ་མཆེད་ལ་ཟབ་རྒྱས་ཆོས་བཀའ་རྒྱ་ཆེར་གནང་རྒྱུའི་ཐོ་རེངས་འོད་གསལ་དུ། གསེར་ཆོས་གླེགས་བམ་ངོ་མཚར་ཅན་བཀའ་འགྱུར་གྲས་ཡིན་དགོངས་པ་ཞིག དགེ་འདུན་གྱི་སྡེའི་དབུས་ན་བཞུགས་པའི་ཕྱེད་ཙམ་ན་ཤོག་རྟགས་ཤིག་འདུག་པས། འདི་ཡན་སྔར་ཕུལ་ཟིན། འདི་ནས་འབུལ་དགོས་ཡོད་དགོངས་པ་ཞིག་འཁྲུངས་པ་ནི། ད་གཟོད་བརྟགས་ཚེ་ལྐོག་གྱུར་རྗེན་གསལ་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ་གོ འདི་ལོ་རིགས་སྲས་སྐུ་མཆེད་ལ་དབང་ཆོས་དམིགས་གསལ་འདི་གནང་ས་ཆེན་ཀུན་བློའི་རྣམ་ཐར་ནང་མི་གསལ་བ་བཅས། དགུང་གྲངས་བཅུ་བཞི་པ་མེ་སྤྲེལ་རྒྱལ་ཟླའི་ནང་ཡབ་རྗེ་རྡོ་རྗེ་འཆང་ཆེན་པོའི་དག་སྣང་དུ་དབང་ཁང་ན་གནས་གསར་རྡོ་རྗེ་འཆང་ལ་བཀའ་ཆོས་ཞུ་མུར་མངྒ་ལ་ཀཱུ་ཊའི་སྒྲ་སྒྲུབ་དང་བཅས་གསུང་བཤད་རྒྱས་པོ་ཞིག་མཛད་པ་འཁྲུངས་པས། དེའི་དོན་ནི་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཡིན་ནོ། །ཚེས་དྲུག་པ་ཤེ་འགྲུབ་སྦྱོར་ཉིན་གཟིམ་ཆུང་གཏོར་སྤོད་སྐབས། གང་གི་རིགས་སྲས་དམ་པ་འཇམ་མགོན་གཞོན་ནུར་གྱུར་པ་ནས། ད་ནང་བཀའ་བཞི་ཐུགས་སུ་ཆུབ་པས་ད་དཔེ་འཛིན་ཇི་འདྲ་ཡོད་བཀའ་བསྩལ་བར་བསྐུལ་བས། ཐུགས་རྗེ་ཆེ། ད་ལྟ་རང་གསལ་ཞིག་འབུལ་དགོས་གསུངས་ཤིང་། ཐུགས་ལ་གློ་བུར་བུ་སྤྲེལ་ལོའི་དབྱར་ཆར་ལ་གསུང་བཤད་གནང་། དེ་ནས་