R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༩༠
[A:༣༩༠]བརྒྱད་ལ་ཕུན་གླིང་དབང་ཁང་དུ་ཡབ་རྗེ་དཀྱིལ་འཁོར་རྒྱ་མཚོའི་རིགས་བདག་མཆོག་ནས། གསང་ཆེན་བླ་ན་མེད་པའི་རྒྱུད་ཀྱི་གཙོ་བོ་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་དྲི་མ་མེད་པ་བཅོམ་ལྡན་སྙིང་པོ་ཀྱཻ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྐུ་ཚེ་འདིར་རགས་པའི་ཕུང་ཁམས་སྐྱེ་མཆེད་རྣམས་ལྷ་དང་ཡེ་ཤེས་ཀྱི་ངོ་བོར་བསྐྱེད་ཅིང་གསལ་འདེབས་པ་དང་སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་པའི་སྨིན་བྱེད་དབང་གི་ཆུ་བོས་སྨིན་པར་མཛད་དེ་རྩ་སྔགས་བཟླས་ལུང་བཅས་བསྩལ་བ་གསན་ཅིང་། དགུང་གྲངས་བཅུ་གཅིག་དུ་ཕེབས་པ་ཆུ་སྦྲུལ་ལོར་ཡབ་རྗེ་རྡོ་རྗེ་འཆང་ཉིད་སྐུ་ཕྲེང་འཚུབ་པས་ལོ་གང་ཕྱིར་ཕེབས་སྤངས་ནས་བཞུགས་སྐབས། དག་སྣང་དུ་ཟི་གུ་ལྷ་ཁང་འདྲ་མོ་ཞིག་ཡབ་རྗེ་མཆོག་ལ་ཚེ་དཔག་མེད་སྣང་བརྙན་ཆེ་ཆུང་སྣ་ཚོགས་དང་རྗེ་ཉིད་ལ་རྣམ་རྒྱལ་གྱི་སྐུ་བརྙེས་པ་འཁྲུངས་པ་ན་ཡབ་རྗེ་མཆོག་གི་སྐུ་ཕྲེང་གི་འཚུབ་མ་ཞི་ཞིང་འཇམ་མགོན་གཞོན་ནུ་གང་ཉིད་མི་མཐུན་པའི་ཕྱོགས་ལས་རྒྱལ་བའི་མཚན་མར་གོར་མ་ཆག ཆུ་སྟོད་ཟླ་ནང་ཡབ་རྗེ་རྡོ་རྗེ་འཆང་ནས་སྣོད་བཅུད་སྤྱི་བྱེའི་ཕྱྭ་གཡང་འཕེལ་ཕྱིར་སྡེ་དགེ་ཞུ་ཆེན་རིན་པོ་ཆེའི་གསུང་རབ་བཞིན་ལ་རང་ལུགས་དབྱངས་རོལ་ཕྱག་ལེན་སྦྱར་བ་ཐོག་མར་གནང་སྐབས། གྲོལ་ཉིན་ཕྱྭ་སྒོ་དབྱེ་སྐབས། འཇམ་མགོན་སྐུ་མཆེད་ཡུམ་མཆོག་བཅས་ཕྱྭ་རྫས་ལྟ་བར་ཕེབས་ཤིང་། གྲོ་བཞིན་ཕུར་སྒྲུབ་སྐབས་ཡབ་སྲས་ལྷན་རྒྱས་ཀྱིས། ཕུར་ཆ་སོགས་ཁྱད་བྱང་ནས་བཞེས་ཏེ། གནས་བཅུ་ལྷ་ཁང་དུ་དཔལ་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད་རྒྱས་པར་མཛད་ཅིང་། སྨིན་ཟླའི་ནང་རྗེ་ཡབ་སྲས་རྣམས་