R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༩༣
[A:༣༩༣]གསེར་འཕྱང་མཆུ་ཟླའི་ནང་གཞན་ཡང་ཡོང་འདྲ་དགོངས་པའི་ཐུགས་སྤྲོ་དང་བཅས། གཙུག་ཏོར་རྣམ་རྒྱལ་གྱི་བསྒོམ་བཟླས་གྲུབ་མ་ཐག་ལྷའི་ང་རྒྱལ་བརྟན་པོས་ཡབ་སྲས་ཡུམ་བཅས་ནས་གཟབ་བཞེས་དང་བཅས། སྐུ་གསུང་ཐུགས་རྟེན། བཟང་དགུ་འཛོམས་པའི་སྤྲོ་ཟས། མགུལ་དར་སོགས་སྟོབ་པར་སྐུ་ཡོན་ཁང་དུ་ཕེབས་ལམ་འཆར་ཅན་དར་འགྱེད་གྲབས་བཤམ་སྐྱ་འཁྱིལ་དང་། རྩེར་ལྷ་བསངས་གྲོལ་བའི་ལྷ་རྒྱལ་དང་། མདུང་དར་ཁྲ་རོག་གེ་ཡོད་པ་སོགས་རྟེན་འབྲེལ་བཟང་པོ་དང་བཅས་རྒྱལ་སྲས་ལམ་བཟང་བསྩལ་ཏེ་ཐུགས་འཛིན་གནང་ཤིག་པར་ཤིས་བརྗོད་ཀྱི་ལོ་ཏོག་དང་བཅས་ཕུལ། དེའི་ཚེ་མཛོད་འཛིན་ལ་གོང་གི་གནས་ཚུལ་རྣམས་དང་ལྷག་པར་བསྟན་དོན་གལ་པོ་ཆེའི་སྐོར་ཕྱག་བྲིས་ཐོག་ནས་གནང་བའི་བཀའ་གྲོལ། མདུང་ནག་ཞབས་དྲུང་དགེ་བཤེས་བཅོས་མེད་ནས་མཎྜལ་གོས་དར་སོགས་དངོས་པོ་བཟང་དགུ་དུ་མ་དང་། ལྷག་པར་ལྕང་སྐྱ་རྡོ་རྗེ་འཆང་ནས་གསུང་ཤོག་གནང་རྟེན་བཟང་པོས་སྤ་བའི་གསུང་ཚིག་ཏུ། ཐུབ་བསྟན་གསལ་བར་བྱེད་པའི་སྒྲོན་མེ་དཔལ་ལྡན་ས་སྐྱ་པཎྜི་ཏ་ཞེས་སྙན་པར་གྲགས་པ་གང་དེའི་ཞབས་དྲུང་དུ། ཞེས་དང། བཀྲ་ཤིས་ཀྱིས་མཚན་པའི་དུས་ཀྱི་ཆར་ཡང་། འགྲོ་བ་ཡོངས་ཀྱི་དཔལ་རྨད་དུ་བྱུང་བ་གཟུགས་སྐུའི་དཀྱིལ་འཁོར་དྭངས་ཤིང། མཛད་ཁྱབ་བཟང་པོ་འགྲན་བྲལ་གྱི་རིང་ནས། ཞེས་སོགས་ཀྱི་ཚིག་སྒྲ་སོགས་ཆེ་འདོན་མཛད་རྒྱུའི་ཐོག་མའི་དགེ་ལྟས་དང་། འདི་ལོ་ཡབ་རྗེ་རྡོ་རྗེ་འཆང་ནས་ས་ཚོགས་ཀྱི། འཇམ་མགོན་ས་པཎ་གྱི་ཆོས་ཁྲི་མཁས་པ་ཟིལ་གནོན་