R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༢༦
[A:༤༢༦]བསམ་གྱིས་མི་ཁྱབ་པར་མཛད་དོ། །འདི་སྐབས་ཕྱག་ལེན་བྱང་ཆད་ལྟ་བུར་དགོངས་མཆོད་དཔོན་གྱི་ལས་ཁུར་ཀྱང་གནང་བ་ཡིན་ཏེ། རྣམ་ཐར་ཞལ་གསུང་མ་ལས། བཅུ་བདུན་ལོ་ལ་ཡབ་རྗེས་བཀའ་སྩལ་ལྟར། །རྩེ་མཆོད་ཆེན་མོའི་ལས་འཁུར་ལོ་གཅིག་ཞུས། །དེ་ཚེ་ཡབ་རྗེས་གཞན་ལ་གསང་ནས་སུ། །ལམ་འབྲས་ཚོགས་བཤད་ཐོག་ཏུ་དབང་རྗེས་གནང་། །བྱིན་རླབས་ལྗགས་ལུང་མང་པོ་སྩལ་བའི་སྐབས། །གཏོར་བཟོར་རྒྱན་བཟོ་རྡུལ་ཚོན་བཟོ་བ་དང་། །དཀྱིལ་འཁོར་བྲིས་ཐོག་དབང་རྫས་གཤོམ་སྡུད་སོགས། །ནམ་ཉིན་མེད་པར་ངལ་བ་ཁྱད་བསད་ནས། །དང་བསྟོད་སྤྲོས་བཅས་ཁོ་ནར་རེམ་བྱས་པས། །ཡབ་རྗེ་དགྱེས་པའི་གསུང་ལས་འདི་སྐད་གསུངས། །དེ་ཚེ་ཁོ་ལས་མཁས་པར་བྱེད་རྒྱུ་མེད། །དེ་ཚེ་ཁོ་ཡི་སྙིང་རུས་འདི་འདྲ་རེར། །ཞེས་གསུངས་དགྱེས་པའི་བཞད་སྒྲ་ཡང་ཡང་མཛད། །ཅེས་གསུངས་པ་ལམ་འབྲས་ཚོགས་བཤད་གསན་སྐབས་དགུང་གྲངས་བཅུ་དྲུག་ཡིན་ཀྱང་བཅུ་བདུན་དུ་ཕེབས་ཚུལ་འདི་ཅུང་ཟད་ཡི་གེ་པས་ནོར་འཁྲུལ་བྱུང་བར་སེམས། ལོ་འདིར་གདན་ས་ཆེན་པོའི་དབྱར་ཆོས་སྐབས་འཇམ་མགོན་དབང་གི་མཚན་འཆང་གང་ནས་ཚད་མ་རྣམ་འགྲེལ་ཐུགས་མཚོར་བཞུགས་པས་གསུང་བཤད་དང་། དབུ་མ་རྩ་ཤེས་སོགས་ལའང་གསུང་བཤད་གནང་ངོ་། །ཆུ་སྟོད་ཚེས་བཞི་ནས་བཟུང་འཇམ་མགོན་སྐུ་མཆེད་ལ་རྣམ་སྲས་རིགས་ཅན་བཅོ་ལྔའི་རྗེས་གནང་གནང་དུས་ཀྱི་ལ་ཉེ་རྣམས་རྗེ་ཉིད་ཀྱི་ཕྱག་བྲིས་འཁྲུལ་མེད་དུ་མཛད་པ་ལས་འདི་ལྟར་རོ། །ས་ཁྱི་ཟླ༦་ཚེས་༤ནས་བཟུང་ས་སྐྱ་པ་ཀུན་བློས་རིགས་ཀྱི་