R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༢༥
[A:༤༢༥]ཆེན་མོ་དང་། ཡབ་རྗེ་ཉིད་ཀྱི་གདུང་རབས་ཞལ་སྐོང་དྲུག་པའི་ལོ་རྒྱུས་མདོར་བསྡུས་དེ་བཞིན་དང་ཞེས་པའི་བར། ས་སྐྱ་དང་ཨེ་ཝཾ་ཆོས་ལྡན་ཆོས་སྦྱོང་རགས་བསྡུས། ས་སྐྱ་བཀའ་འབུམ། ས་ཆེན་ལ་གཉིས་དང་། རྩེ་མོའི་གསུང་པོད་གཉིས་བཅས་པོད་བཞི། རྒྱལ་སྲས་ཐོགས་མེད། ངོར་ཆེན་ཀུན་མཁྱེན། མུས་ཆེན་སངས་རྒྱས་རིན་ཆེན་རྣམས་ཀྱི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་། གཞན་ཡང་གདན་ས་འདི་ཉིད་ཀྱི་ཕྱག་ལེན་རྡོ་རྗེ་ཕུར་པ། བདེ་ཀྱཻ་གསང་གསུམ། ཀུན་རིག ཚེ་དཔག་མེད་སོགས་ཀྱི་སྒྲུབ་དཀྱིལ། ཡི་དམ་ཆོས་སྲུང་རྣམས་ཀྱི་གཏོར་བཟློག བསྐང་བ། ཞར་བྱུང་སིལ་གཏོར་སྐོར་གྱི་ཡིག་ཆ་ལ་སོགས་པ་གོང་མ་ན་རིམ་ནས་མཛད་པ་དང་། ཡབ་རྗེ་རྡོ་རྗེ་འཆང་རང་ཉིད་ནས་མཛད་པའི་ཆོག་སྒྲིག་ལྗགས་རྩོམ་སྐོར་ལ་སོགས་པ། ལུང་གི་ཚོགས་དཔག་པར་དཀའ་བ་ཞིག་ལེགས་པར་གསན་ཏོ། །དེ་ལྟར་གསན་པ་དེ་དག་ཀྱང་འོལ་སྤྱི་ཙམ་དུ་མ་ལུས་པ་ཕྱག་ལེན་ཕྲ་མོ་ཚུན་ཆད་ཀྱང་དཔྱིས་ཕྱིན་པར་མཛད་པ་ཡིན་ནོ། །མདོར་ན་ཡབ་སྲས་འདི་གཉིས་ཇོ་བོ་རྗེ་དང་འབྲོམ་སྟོན་པའམ། རྗེ་བཙུན་གྲགས་པ་དང་། ས་སྐྱ་པཎ་ཆེན་གྱི་རྣམ་ཐར་དང་ཚུལ་མཚུངས་པར་ཡང་སྲིད་སྔ་མ་རྣམས་སུའང་བླ་སློབ་ཀྱི་འབྲེལ་པ་ཟམ་མ་ཆད་པ་ཞིག་ཡིན་པར་མངོན་ཏེ། དེའང་རྗེ་འདིའི་རྩ་བའི་བླ་མ་ཐམས་ཅད་ཀྱི་ནང་ནས་ཡབ་རྗེ་རྡོ་རྗེ་འཆང་མིའི་གཟུགས་ཅན་འདི་ཁོ་ན་གཙོ་བོར་བཟུང་བར་མཛད་དེ། ངེས་པ་དོན་གྱི་རྡོ་རྗེ་འཆང་ཡིན་པ་ལ་གཞན་རྐྱེན་གྱིས་འཕྲོག་པར་མི་ནུས་པའི་དད་གུས་