R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༣༠
[A:༤༣༠]གཟབ་མར་འདོན་པ་འདི་རྣམས་ཡིན་འདྲ་ཞིང་། གོས་བེམ་རྣམས་ནི་ད་ལྟ་མདོས་ཟབ་དང་འདྲེས་སམ་སྙམ་མོ། །དགུང་གྲངས་བཅུ་བདུན་དུ་ཕེབས་པ་རྒྱལ་ཟླའི་འགོ་ཙམ་ནས་ལོ་དེའི་གྲོ་བཞིན་ཟླ་འགོ་ཙམ་བར་ཡབ་སྲས་རྣམ་གསུམ་ཞལ་རྒྱས་ཏེ། ཕུན་གླིང་བཞུགས་གཡབ་ཏུ་བཅོམ་ལྡན་འདས་དགེས་པ་རྡོ་རྗེའི་གཞི་བསྙེན་ལ་བཞུགས་སྐབས། ཡབ་རྗེ་མཆོག་ལ་གཟིགས་སྣང་ངོ་མཚར་ཅན་རྣམས་གོང་དུ་སོང་ཞིང་། འཇམ་མགོན་དབང་གི་མཚན་ཅན་གང་གི་འོད་གསལ་དུ། གཟིམ་ཆུང་ཕུན་ཚོགས་དཔལ་འབར་ན། རུས་པའི་རྒྱན་དྲུག་འདུག་པ། གང་གི་ཡབ་རྗེ་རིགས་ཀུན་ཁྱབ་བདག་ཉིད་ནས། སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། རྣ་ཆིས་བདག་ཉིད་འོད་དཔག་མེད་སོགས་རྒྱུད་ཚིག་རྣམས་གསུངས་པ་དང་མཉམ་ནས་སོ་སོར་བསྩལ་བ་ཞིག་བྱུང་གསུངས་པ་ནི། རྒྱུད་དོན་མཁྱེན་པའི་མཁས་གྲུབ་རྣམས་ཀྱིས་གཟིགས་ན་སྐུ་ཚེ་འདིར། རྡོ་རྗེ་ཐེག་པ་ནས་གསུངས་པའི་འཁོར་འདས་གཉིས་མེད་ཀྱི་སྤྱོད་པ་རྣམ་གསུམ་མཐར་ཕྱིན་ཏེ། ཨེ་ཝཾ་ཟུང་འཇུག་མངོན་དུ་གྱུར་པའི་གྲུབ་རྟགས་སུ་གོར་མ་ཆག་གམ་སྙམ་དུ་སེམས་སོ། །དེ་ལྟར་གཞི་བསྙེན་གྲོལ་ནས་དགའ་སྟོན་སོགས་རྒྱ་ཆེར་མཛད་པ་གཞི་གྲུབ་ཀྱང་ལོ་རྒྱུས་གསལ་བར་མི་སྣང་། ལོ་འདིའི་ཁྲུམས་ཟླའི་ཡར་ཚེས་ནས། ཡབ་རྗེ་རིགས་བརྒྱའི་མགོན་པོ་མཆོག་ནས། རིགས་སྲས་སྐུ་མཆེད། གནས་གསར་མཆོག་སྤྲུལ། འཕན་ཡུལ་བཅོ་བརྒྱད་གཟིམ་འོག་སྤྲུལ་སྐུ་རྣམས་ལ། གོང་དུ་བཀོད་པའི་དབང་ཆེན་དང་རྗེས་གནང་ཟུར་བཀའི་རིགས། རྡོར་ཕྲེང་དབང་དང་གྲུབ་