R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༢༩
[A:༤༢༩]ཚར་གཅོད་པའི་བསྟན་བཅོས་ཆེན་པོ་ཚད་མའི་གཞུང་ལུགས་གྲུབ་མཐའ་ཕྱི་ནང་གཉིས་ཀས་ཞལ་གྱིས་བཞེས་པ་ལས། ནང་པའི་གཞུང་ལུགས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དག་པར་སྒྲུབ་པའི་ཆེད། དགྲ་བཅོམ་པ་ཆོས་སྐྱོབས་ལ་སོགས་པས་འཕགས་ཡུལ་དུ་རིག་གཞུང་རྣམ་དག་སྤེལ་བར་མཛད་མོད། དེ་དག་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་ནི་དཔལ་ལྡན་ཆོས་ཀྱི་གྲགས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ཞེས་ཚད་མའི་བསྟན་བཅོས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་འདི་ཉིད། སྔོན་གྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་ལྗོངས་འདིར་བསྒྱུར་ཞིང་། བཤད་པའི་རྒྱུན་བཞུགས་པ་ལྟར་ཡོངས་རྫོགས་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོས་དཔལ་མེ་དིག་པ་དང་། མེས་ལྷང་འཚེར་བ་སོགས་ལས་ཚད་མ་གསན་པ་དང་། རྗེ་བཙུན་རྩེ་མོས་ཆ་པ་ཆོས་ཀྱི་སེངྒེ་སོགས་ལ་གསན་ཅིང་། དེ་བས་ཀྱང་ཕུལ་དུ་གྱུར་པ་འཇམ་མགོན་ས་སྐྱ་པཎྜི་ཏས། རྒྱ་བོད་སྔ་རབས་དག་གི་ལོག་རྟོག་རྣམས་ལུང་རིགས་ཀྱིས་སུན་ཕྱུང་ནས། ཆོས་ཀྱི་གྲགས་པའི་དགོངས་པ་འཁྲུལ་མེད་དུ་སྐྱོང་བར་མཛད་པ་སོགས་ས་སྐྱ་པའི་ཡབ་ཆོས་གྲས་རང་ཡིན་པས་ན། རིང་མོའི་དུས་ནས་རྗེ་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་དགོངས་བཞེད་ཐུན་མོང་མིན་པར་གདུང་རྒྱུད་རྣམས་དང་། འདིར་བཞུགས་ཚད་མ་བ་རྣམས་ལ་གཞུང་སྐྱོར་ཞིག་བྱུང་ན་ཅི་མ་རུང་དགོངས་པ་དམ་པའི་ཐུགས་བསྐྱེད་མངོན་དུ་གྱུར་ཏོ། །ལོ་འདིར་ཕུར་སྒྲུབ་སྐབས་འཆམ་ཕོད་རོལ་ཕོད། གོས་བེམ་སོགས་གསར་བཟོ་མཛད་པ་རྣམས་ནི། ད་ལྟ་རྩེ་ཕྱག་རྩིས་ཁྲའི་ཕུར་སྒྲུབ་