R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༣༣
[A:༤༣༣]བཞུགས་པའི་རྒྱ་ཆེར་སྤྲོ་བ་དང་བཅས་ཡབ་རྗེ་རྡོ་རྗེ་འཆང་ནས་མཛད་ཅིང་། འབུལ་དངོས་སོགས་ནི་རྨུགས་འཛིན་དབང་པོའི་གན་མཛོད་ལ་ཅོ་འདྲི་བའི་སྒོ་འཕར་ཡངས་པོར་ཕྱེ་བའི་དངོས་སྐྱེས་འབུལ་བ་མཛད་པ་ཞིབ་ཆ་མཛོད་དེབ་སོགས་སུ་གསལ་བ་ལས་འདིར་ཧ་ཅང་མང་བས་འབྲིར་མ་ལང་བ་བཅས། གོང་ས་ཆེན་པོ་ཞབས་པད་ཡུན་བརྟན་གྱི་མཆོད་རྫས་སུ་འབུལ་བར་མཛད། རྩེ་པོ་ཏ་ལའི་མཆོད་ཁང་རྣམས་སུ། མཆོད་ཚོགས་རབ་འབྱམས་དང་བཅས་བསྟན་འགྲོར་ཕན་པའི་ཐུགས་བསྐྱེད་སྨོན་ལམ་རྒྱལ་སྲས་ཀུན་ཏུ་བཟང་པོའི་རྣམ་ཐར་གྱི་རྗེས་སུ་འགྲོ་བ་མཛད་ཐོག དེ་སྐབས་ཀྱི་སྲིད་སྐྱོང་མཚོ་སྨོན་གླིང་པ་དང་། བཀའི་གུང་བློན་ཆེན་པོ་རྣམས་སུའང་སོ་སོའི་གོ་བབས་དང་བསྟུན་པའི་ཕྱག་སྐྱེས་ཀྱི་དངོས་པོ་སྤམ་མཐོ་བ་བསྟར་བར་མཛད་སྐབས་གཞུང་ས་མཆོག་ནས་སྔ་ཕྱི་བར་གསུམ་དུ། སྐུར་གསོས་ཀྱི་དངོས་སྐྱེས་སྤམ་ཧ་ཅང་མཐོ་བ་དང་། གསོལ་སྟོན་གྱི་རིམ་པ་ཡང་རྒྱ་ཆེར་བསྩལ་ཏེ། ས་གའི་ཚེས་གཅིག་ལ་ཕེབས་ཕྱག་སྐབས་གསོལ་སྟོན་ཐོག་དངོས་པོ་བཟང་དགུ་གྱ་ནོམ་པའི་གསོལ་རས་སོགས་དེ་སྐབས་ཀྱི་མཛོད་དེབ་སོགས་སུ་གསལ་བ་བཞིན་སྩོལ་ཐོག་དགྱེས་པའི་འཛུམ་ཞལ་ལྷུག་པར་བསྟན། དེ་དག་གི་བར་སྐབས་རྣམས་སུ་ཐེལ་གྱི་གནས་གཟིགས་མཆོད་འབུལ་སོགས་གནང་ཚུལ་གོང་དུ་ས་ཆེན་ཀུན་བློའི་རྣམ་ཐར་སྐབས་རྒྱས་པར་སྨོས་པ་བཞིན་དང་། དེ་ནས་ཆིབས་བསྒྱུར་ཏེ། ཡེར་པ། ན་ལནྡྲ། རྒོད་དཀར་ལ་བརྒྱུད་བསམ་ཡས་སོགས་ལྷོ་ཁ་དང་སྒང་བརྒྱུད་ལོ་འདིའི་སྨིན་ཟླའི་ཚེས་