R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༣༤
[A:༤༣༤]འགོར་གདན་ས་ཆེན་པོ་འདི་ཉིད་དུ་སེར་ཕྲེང་གིས་སྣེར་འཆམ་མགོན་བྱིན་རླབས་ཅན་རྣམས་ཀྱང་ཕེབས་པ་ཕེབས་བསུའི་ཚོགས་ཤིན་ཏུ་རྒྱས་པ་དང་། བླ་བྲང་ཟམ་སྣེར། འདིར་བཞུགས་སྐུ་ངོ་རྣམས་དང་། དྲུང་རིགས་སེར་སྐྱ་སོགས་ནས་མཇལ་དར་ཕུལ་ཏེ། སྐྱེ་ཕོ་མོའི་གཞས་བསུ་དང་བཅས། གཞི་ཐོག་ཕོ་བྲང་དུ་བདེ་བར་ཕེབས་ཏེ། དེའི་སང་ཚོམས་ཆེན་དུ་དགའ་སྟོན་བཞུགས་གྲལ་དང་། དེ་ནས་བསྟན་སྲུང་རྒྱ་མཚོར་གཏང་རག་སོགས་མཛད། གོང་ས་མཆོག་ཏུ་འབུལ་རྒྱུའི་ཞལ་གྱི་བསྲུང་འཁོར་དང་ཆབས་ཅིག་རིགས་སྲས་སྐུ་མཆེད་ལའང་འཁོར་ལོ་རེ་སྩོལ་བར་མཛད་དོ། །དགུང་གྲངས་བཅུ་དགུར་ཕེབས་པ། ནག་ཟླའི་ཚེས་འགོ་ནས་བཟུང་། རིགས་སྲས་སྐུ་མཆེད། ཡར་ཀླུངས་མཆོག་སྤྲུལ། ངོར་བླ་ཁག་ཞབས་དྲུང་རྣམས་དང་། བཅོ་བརྒྱད་སྐུ་མཆེད་སོགས་ས་ལུགས་ཀྱི་བསྟན་འཛིན་དྲག་བསྡུས་རྣམས་གཙོ་བོར་སྨོས་གཞིས་བྱེས་ནས་དོན་གཉེར་ཅན་མང་དུ་འདུས་པའི་ཚོགས་ལ། ཡབ་རྗེ་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་ཉིད་ནས། བསྟན་སྲུང་རྒྱ་མཚོར་འཕྲིན་འཆོལ་དང་འབྲེལ་ཉི་མ་མེ་བཞི་འགྲུབ་སྦྱོར་ནས་དབུ་བཟུང་། གོང་དུ་བསྟན་པའི་བྱ་རྒྱུད་དབང་ཆེན་རྣམས་དང་། བློ་སྦྱོང་གི་སྐོར་སོགས་ཆོས་འཁོར་རྒྱ་ཆེ་བ་དང་། ས་ག་ཟླ་བའི་ཚེས་གཅིག་ནས་བཟུང་གོང་འཁོད་ཀྱི་ཞལ་སློབ་སྐལ་ལྡན་བཅུ་ཕྲག་ལྔ་ལྷག་ཙམ་ལ། རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་བླ་ན་མེད་པ་གསུང་ངག་སློབ་བཤད་བསྩལ་བའི་ཆོས་ཀྱི་རྣམ་གྲངས་རྣམས་གོང་དུ་བསྟན་པ་བཞིན་གསན་བསམ་མཐར་ཕྱིན་པ་མཛད་ཅིང་། ཆུ་སྟོད་