R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༣༥
[A:༤༣༥]ཟླ་ནང་གོང་ས་རྒྱལ་དབང་མཆོག་ནས་ལུགས་གཉིས་ཐུགས་འགན་བཞེས་པའི་ལེགས་སྐྱེས་བསྟར་བ་དང་ཆབས་ཅིག གང་གི་རིགས་སྲས་སྐུ་མཆེད་ལ་སྔོན་དུ་ཐམ་ག་ཆེ་ཆུང་གསར་པ་མཛད་པ། འདི་སྐབས་ཡབ་རྗེའི་བཀའ་བཞིན་འདི་གའི་རྟེན་ཇི་སྙེད་པ་དང་གོང་ས་རྒྱལ་བའི་དབང་པོ་སོགས་ལ་ཐམ་ཕུད་འབུལ་བ་བཅས་མཛོད་འཛིན་པར་བཀའ་སྡོམ་གྱིས་འཁོར་སྐབས། སྐབས་གང་ཅིའི་གསུང་ཤོག་ལེགས་ལམ་དགེ་བ་སྐྱེས་བཟང་གིས་སྤ་བས་མཚོན། རིན་པོ་ཆེ་ཁམས་བརྒྱད་ཀྱི་ཛྷཻཀྵི་ལས་གྲུབ་པའི་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་སྣང་བརྙན་ཆེ་ཆུང་གསུམ་རྗེ་རྡོ་རྗེ་འཆང་ཡབ་སྲས་ཞལ་རྣམ་པ་གསུམ་ལ་དགྱེས་བསྩལ་དང་མཉམ་དུ། གང་གི་ཡབ་རྗེ་མཆོག་ལ་ཕན་ཁང་དཔོན་པོ་སོགས་ནས་ནཱ་རོ་མཁའ་སྤྱོད་མའི་འདོད་ཆོས་ཞུ་བ་སྐབས་འགྲིག་སོགས་ལ་ཉེ་འགྲིག་པར་བྱུང་། ལྕགས་གླང་ལོ་དེའི་བར་སེང་ཞིག་ཏུ་རིགས་སྲས་འཇམ་མགོན་དབང་གི་མཚན་ཅན་ཉིད་ནས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དུས་གྲངས་ཀྱི་བསྙེན་མཐར་ཕྱིན་པར་མཛད་སྐབས་མགོ་ཟླའི་བཅུ་གསུམ་ཐོ་རངས་ཞ་ལུ་ཡིན་སྙམ་པའི་གཙུག་ལག་ཁང་ཞིག་འདུག་པ། ཕྱི་རོལ་ན་ཁྱུང་ནག་གི་སྣང་བརྙན་སྐུ་ཞིག་དང་། ཕོར་པ་ཞིག་སྣང་བ་གང་གི་ཡབ་རྗེ་མཆོག་ནས་ཕོར་བ་འདི་སྔར་དང་མི་འདྲ་བའི་ཡག་ཏུ་སོང་འདུག་གསུངས་པ་འདྲ་པོ་དང་། དེའི་ཕུ་དེ་ན་འཇམ་མགོན་ས་སྐྱ་པཎྚི་ཏའི་སྣང་བརྙན་ཤིན་ཏུ་སྒྲོས་པ་ཞིག་ལ་རང་རེས་ཕུལ་སྙམ་པའི་ས་ཞུ་རྒྱ་མདུད་མ་ཞིག་བཞེས་ནས། ཞལ་འཛུམ་དཔག་མེད་མཛད་མུར་བཞིན་རས་ལ་ཉི་མ་ཤར་བ་ཞིག་དང་། ཡང་རྒྱལ་