R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༣༧
[A:༤༣༧]པ་ཙམ་སྟེ་དྲག་ལས་དམག་བཟློག་མང་དུ་གནང་དགོས་པའི་རྟགས་མཚོན་དུ་ངེས་སྙམ་ཏེ། རྒྱལ་དབང་པདྨ་ཀ་རས་ཀྱང་། བལ་བོད་མཚམས་སུ་དབང་གི་མིང་ཅན་འབྱུང་། །མཐའ་དམག་བཟློག་པའི་རྟེན་འབྲེལ་དེ་ལ་ཡོད། །ཅེས་ལུང་བསྟན་པ་དང་འདྲ་བར་སེམས། གཞན་ཡང་ལོ་ཕྱི་ནང་འདི་རྣམས་སུ་སྒོ་རུམ་ཡེ་ཤེས་མགོན་པོའི་དྲུང་དུ་ཡབ་རྗེ་རྡོ་རྗེ་འཆང་གི་བཀའ་བཞིན་གོང་ས་རྒྱལ་བའི་དབང་པོ་དགུང་སྐེག་སྔ་བསུའི་ཞབས་རིམ་དུ། འཇམ་མགོན་སྐུ་མཆེད་རྗེ་བཙུན་དྲུང་བཅོ་བརྒྱད་སྐུ་མཆེད་སོགས། ཆོག་གྲ་བཅས་ནས་བསྐང་འཕྲིན་ཉིན་གྲངས་དུ་མ་མཛད་ཅིང་། བར་སེང་རྣམས་སུ་ཡབ་རྡོ་རྗེ་འཆང་ལ་གོང་དུ་བཤད་པའི་དམར་པོ་སྐོར་གསུམ་གཙོ་བོར་སྨོས་པའི་གསེར་ཆོས་བཅུ་གསུམ་གྱི་སྐོར་རྣམས་ཀྱང་གསན་བཞེས་མཛད། ལོ་འདིར་གྲོ་བཞིན་ཟླ་བར་དཔལ་ཆེན་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་ཀྱི་རྡོ་རྗེ་སློབ་དཔོན་ཐོག་མར་མཛད་སྐབས་ཡིན་ཏེ་རྣམ་ཐར་ཞལ་གསུངས་མ་ལས། བཅུ་དགུ་པ་ལ་ཡབ་རྗེའི་བཀའ་བཞིན་དུ། །ཕུར་སྒྲུབ་ཆེན་མོའི་རྡོ་རྗེ་སློབ་དཔོན་བྱས། །དེ་ཚེ་སྒྲིག་ལམ་ཀུན་སྤྱོད་མ་ལུས་པའི། །འགན་འཁུར་གང་ཡོད་བདག་ལ་འབོག་པར་མཛད། །རྣམ་འདྲེན་ཡབ་རྗེ་ཐུགས་རྗེ་ཆེ་དྲགས་པས། །གྲྭ་མངས་རྣམས་ནས་བདག་ལ་བརྩི་འཇོག་མེད། །དེ་ཚེ་སྐབས་ཤིག་བདག་གིས་ཡབ་རྗེ་ལ། །སྐུ་ཞབས་རང་གིས་མི་མང་ཐམས་ཅད་ལ། །ཐུགས་རྗེའི་ཞལ་འཛུམ་དུ་མ་མཛད་དྲགས་པས། །བདག་ལ་བརྩི་མཁན་མི་འདུག་ཅེས་ཞུས་པས། །དྲིན་ཅན་བླ་མའི་བཀའ་ལས་འདི་སྐད་