R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༣༨
[A:༤༣༨]གསུངས། །ཨ་མ་ཇོ་ཇོས་བསྟན་བཤིག་ཡོང་བ་ལ། །དེ་ཚེ་ཁོ་ཡི་དོན་རང་བཅུར་རྒྱུ་རེད། །ཅེས་གསུངས་སང་ཉིན་ནས་བཟུང་རྡོ་རྗེ་འཆང་། །ཞལ་དཀྱིལ་ནག་པར་མཛད་པས་དགའ་མོ་བྱུང་། །ཞེས་གསུངས་པ་ལྟར་དང་། འཁོར་ལོ་བདེ་མཆོག་གི་གཞི་བསྙེན་སྦྱིན་སྲེག་བཅས་ལོ་གང་མཛད་པ་ཡིན་ཏེ། རྣམ་ཐར་རྩ་ཚིག་ལས། ཉི་ཤུ་པ་ལ་དམ་པའི་བཀའ་བཞིན་དུ། །བདེ་མཆོག་ནག་པོ་ལུགས་ཀྱི་གཞིའི་བསྙེན་པ། །ལས་བཞིའི་སྦྱིན་སྲེག་བཅས་པ་ལོ་གང་བྱས། །དེ་ཚེ་བར་ཆད་གཞན་གྱིས་མ་ཚུགས་ཀྱང་། །ལྷ་ལྕམ་རྡོ་དམར་བ་དེར་རིགས་ཀྱི་བུ། །ངོ་མཚར་ཁྱད་འཕགས་བལྟམས་པ་དེ་འཕྲལ་གཤེགས། །བདག་གི་བསྙེན་སྒྲུབ་སྦྱིན་སྲེག་བྱེད་ལུགས་ལ། །ཡབ་རྗེ་ཤིན་ཏུ་དགོངས་པ་རྫོགས་ན་ཡང་། །བུ་ཆུང་མ་བཞུགས་རྐྱེན་སོགས་འགའ་ཞིག་ལ། །བརྟན་པའི་ཡབ་གཅིག་རྡོ་རྗེ་འཆང་ཆེན་ལ། །ཐུགས་འབྱུང་བཞེས་ཏེ་གཞན་དོན་དགོངས་པ་གཏད། །ཞེས་གསུངས་པས་ཤེས་ནུས་སོ། །དགུང་གྲངས་ཉི་ཤུར་ཕེབས་པ་ཆུ་སྟག་དབྱུག་ཟླ་ཙམ་ལ་བསྙེན་པ་སྦྱིན་སྲེག་བཅས་གྲོལ་བར། དེ་སྐབས་མཚན་རྟགས་སོགས་ངོ་མཚར་དུ་མ་བྱུང་ཡོད་པ་གཞིར་གྲུབ་ཀྱང་ལོ་རྒྱུས་གསལ་བ་མ་མཐོང་ཞིང་། ལོ་འདིར་ཟངས་ལྡན་ཉེ་འདབས་རྨུ་རྫིང་མགོན་ཁང་རྟེན་བཅས་མེ་བཞེས་ཀྱི་དུས་རྟགས་བོད་སྤྱིར་ངན་པ་ཡབ་རྗེ་རྡོ་རྗེ་འཆང་མཆོག་ཐུགས་ངལ་བཟོད་གླགས་མེད་པས་རྒྱལ་བ་ཡབ་སྲས་སོགས་ལ་སྙན་འབུལ་གྱི་ཞབས་རིམ་མཛད་གལ་ཆེ་བ་ཞུ་གནང་མཛད་པ་དང་དུས་མཚུངས་ཙམ་ལ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་རྒྱ་ནག་ཏུ་