R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༤༢
[A:༤༤༢]དག་རྔ་རོལ་མེ་ཉེ་སོགས་སྤང་བྱ་དང་། ཟས་སྤྱོད་སོགས་འཕྲོད་བསྟེན་འཛོལ་མེད་བགྱིས་ཀྱང་ངལ་བ་འབྲས་མེད་དུ་སོང་བ་མང་ཞིང་། ཡབ་རྗེ་ཉིད་ནས་དེ་རྣམས་བླང་བྱ་ལྟ་བུར་མཛད་ཀྱང་། སྐུ་ལ་ཅུང་ཟད་ཀྱང་མ་གནོད་པའི་ཁར་བདེར་སོང་བའི་ཚུལ་གྱིས་གཏོར་བཟློག་མཐར་ཕྱིན་གནང་བ་དང་། དེ་ནས་སྐུའི་འཕྲོད་བཞེས་གནད་སྣུན་མཛད་རྒྱུ་ལྟ་བུས་ཚོམས་དམར་མཁའ་སྤྱོད་ཏུ་ཕེབས་ཏེ། སྐུ་ཁམས་རེ་འཇོག་ཁོ་ན་ལ་ཞབས་པད་ཡུན་བརྟན་གྱི་བགྱི་བ་མཐའ་དག་འབད་སྒྲུབ་དང་། འདི་སྐབས་ཀྱང་སྐལ་ལྡན་རྣམས་ལ་རྗེས་གནང་ཟབ་མོའི་རིགས་སུམ་ཅུ་ཙམ་དང་། ལྷག་པར་རྗེ་ཉིད་སོགས་ཞལ་ངོ་རྣམས་ཀྱི་དབུ་བྱེད་ཕྱག་གཉེར་སོགས་དྲག་ཞན་ཇི་སྙེད་པར་བཞུགས་ཁྲི་པདྨ་ཅན་གྱི་སྟེང་ནས་རྣམ་སྲས་སེར་ཅན་གྱི་རྗེས་གནང་བསྩལ་ཏེ། འབྱུང་འགྱུར་བསྟན་སྲིད་ཀྱི་བགྱི་བ་མཐའ་དག་ཡར་འཕེལ་འཐུས་མ་ཤོར་བ་དགོས་རྒྱུའི་བཀའ་བཀོད་དང་། ཕུར་སྒྲུབ་སྐབས་འགྲེམ་རྒྱུའི་དྲ་ཕྱེད་ནོར་འཕྲེང་ཕྱེ་ཕུར་སོགས་བཟང་གོས་ལས་བསྐྲུན་པ་ངོ་མཚར་ཅན་དེང་སྐབས་ཀྱང་སྣང་བ་འདི་རྣམས་གསར་བསྐྲུན་ཟིན་ཏེ་གཟིགས་ལམ་དུ་ཡང་ཕབ་པ་སོགས་ལ་བསྟན་འགྲོའི་དོན་ཁོ་ནར་ནམ་ཡང་ལྷོད་པ་མེད་ཐོག ཁའུ་དང་མང་ཁར་ཆབ་ཚན་འཕྲོད་བཞེས་རྣམས་ཀྱང་གདུལ་བྱའི་རེ་སྐོང་ཙམ་དུ་ཆིབས་བསྒྱུར་གནང་ཚུལ་བསྟན་ཀྱང་། གདན་ས་འདི་ཉིད་ཀྱི་བསྟན་སྲིད་ལ་སྐུ་གེགས་བཟློག་མེད་དང་། གདུལ་བྱ་རྣམས་ཀྱི་བསོད་ནམས་དུས་གཅིག་ཏུ་ཟད་པར་བརྟེན། འདི་བས་ཞིང་ཁམས་གཞན་དུ་འགྲོ་དོན་རྒྱ་ཆེ་བར་