R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༤༨
[A:༤༤༨]ལོ་གཞན་ཡང་མཛད་འཕྲིན་འགའ་རེ་ཡོང་བ་གཞིར་གྲུབ་ཀྱང་ཟིན་བྲིས་མི་གནང་བས་འབྲི་བར་རྔོ་མི་ཐོགས་ཤིང་། དགུང་གྲངས་ཉེར་གཉིས་སུ་ཕེབས་པ་ཤིང་འབྲུག་རྒྱལ་ཟླའི་ནང་། འགྲོ་མགོན་དཔལ་ལྡན་ཆོས་སྐྱོང་ངམ་དབང་སྡུད་སྙིང་པོ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་གང་ཉིད། གཞི་ཐོག་ཚོམས་དམར་དུ་བླ་ཆེན་འཕགས་པ་རིན་པོ་ཆེའི་བཞུགས་ཁྲིར་གཞུང་ས་མཆོག་ནས་བཀོད་རྒྱ་དང་བཅས་འདི་གའི་ཆོས་སྲིད་ཀྱི་བདག་པོར་རྒྱལ་ཚབ་ཏུ་མངའ་གསོལ་ཏེ། སྐུ་ངོ་རྣམས་དང་། མཁན་ཕྱག་གཉེར་གསུམ་དྲུང་རིགས་སེར་སྐྱ་བླ་གཉེར། གཞིས་གཉེར་ཁག་སོགས་ནས་ཁྲི་འབུལ་མཇལ་དར་སོགས་བསྟར་ཏེ། འདི་ནས་བཟུང་སྐབས་རེ་ཙམ་མ་གཏོགས། ཕུར་སྒྲུབ་མདོས་ཆེན་གཏོར་སྤོད་ཆེན་མོ་ལོ་གནང་དུས་ཀྱི་རིལ་སྒྲུབ། ལྷ་མོ་གསོལ་མཆོད། བླ་མ་གོང་མའི་དུས་དྲན་སྒྲུབ་མཆོད་སོགས་ལ་རྟག་པར་ཕེབས་ཏེ། རྡོ་རྗེ་སློབ་དཔོན་མཛད་པ་དང་འབྲེལ། རྒྱུད་སྡེ་སོ་སོའི་དཀྱིལ་འཁོར་རྣམས་སུ་སྐལ་ལྡན་རྣམས་ལ་སྨིན་བྱེད་ཀྱི་དབང་བསྐུར་བ་གྲོལ་བྱེད་ཀྱི་ལམ་སྟོན་པ་སོགས་ས་ཆེན་གོང་མའི་ཕྱག་སྲོལ་བཞིན། དགུང་གྲངས་ཉེར་གཉིས་ཙམ་ནས་གོང་ཡབ་རྗེ་རྡོ་རྗེ་འཆང་ལ་གསན་མ་ཐུབ་པའི་ཟབ་ཆོས་རྣམས་གསན་ཚུལ་གོང་འཕྲོས་རྣམ་ཐར་རྩ་ཚིག་ལས། དེ་ནས་མ་འགྱངས་ཉེར་གཉིས་ནས་བཟུང་སྟེ། །སུམ་ཅུ་བཞི་བཅུ་སྐོར་ལ་རང་ཉིད་ཀྱིས། །སྔོན་བསགས་བསོད་ནམས་མཐུ་ལས་དམ་པའི་ཆོས། །ནོར་བུ་སྒོ་སྐྱེལ་མཛད་པའི་བཀའ་དྲིན་ཅན། །ངོར་ཆེན་ཀུན་བསོད་ངོར་མཁན་ཁང་