R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༤༧
[A:༤༤༧]དབྱིངས་སུ་ཐིམ་ཚུལ་བསྟན། །ཀྱེེ་མ་བླ་མ་བྲལ་བའི་མགོན་མེད་བདག །དམ་ཆོས་ནོར་ལ་དབང་བའི་སྐལ་བས་དབེན། །ཞེས་གསུངས་པ་ལྟར་དང་། འདི་སྐབས་ཆོས་སྡེ་བྱང་འདིར་སྒྲིགས་ལམ་རྣམས་ཅུང་ཟད་ཉག་ཕྲ་བར། ད་ལྟའི་བན་ཚང་ཆོས་ཁྲིམས་ཆེན་མོའམ། དགེ་བསྐོས་སུ་གྲགས་པ་འདི་བཞིན་བཅའ་ཡིག་དང་བཅས་སྐུ་མདུན་རང་དུ་གསར་བཀོད་ཀྱི་ཐོག་མར། གྲོ་བཞིན་ཟླ་བའི་ཚེས་བཞི། ཉི་མ་མེ་བཞི་འགྲུབ་སྦྱོར་ཉིན་བཞེངས་ཏེ། སྒྲིགས་གནོན་བྱ་རྒྱུ་མཛད་ཅིང་། ཆོ་ག་ཕྱག་ལེན་ཆེ་ཕྲ་མཐའ་དག་ཞིབ་བཀོད་ཀྱིས་བན་ཚང་པའི་དེབ་ཆེན་དུ་གྲགས་པ་དང་། རྒྱུད་སྡེ་ཁག་གི་རྡུལ་ཚོན་འགྲེམས་ཐོ། ད་ལྟར་ཚོན་དབོར་པ་འདི་རྣམས་དེབ་སྒྲིག་མཛད་དེ་བན་ཚང་པ་སོ་སོའི་ལྟ་ཞིབ་མཐིལ་ཕྱིན་བགྱིད་པ་ལས་ཕྱིར་གྱར་མི་ཆོག་པའི་བཀའ་གཏད་མཛད་པ་བཅས། ཉམས་པ་སོར་ཆུད་དར་རྒྱས་ཡུན་བརྟན་གནས་པ་འདི་བཞིན་བྱུང་ཞིང་། ལོ་འདིར་ཕུར་སྒྲུབ་སྐབས་ཡབ་རྗེ་དམ་པ་མཆོག་ནས་འགོ་འགྱངས་གསར་བཟོ་མཛད་པ་བཞིན་འཇམ་མགོན་དབང་གི་མཚན་ཅན་ཉིད་ནས་ཚོགས་དབུས་སུ་འཇམ་མགོན་ཨ་མེས་ཞབས་ཀྱིས་མཛད་པའི་ཕུར་པའི་རྣམ་བཤད་སོགས་ཀྱི་སྟེང་ནས་དག་གསལ་སྙན་གསུམ་དང་འབྲེལ་བའི་གསུང་བཤད་བཀའ་དྲིན་བསྐྱངས་པའི་ཚུལ་རྣམས་རྣམ་ཐར་རྩ་ཚིག་ལས། འདི་ལོ་ཕུར་སྒྲུབ་ཆེན་མོའི་བཤད་ལས་ཀྱི། །ལས་འཁུར་སྐལ་དམན་མུ་མེད་བདག་གིས་ཞུས། །ཞེས་པ་ལྟར་རྣམ་ཐར་རྣམས་སུ་གསུང་བཤད་ཁོ་ན་ལས་ལས་རིམ་སོགས་ནི་ཕྱིར་ལོ་གནང་ཚུལ་འདུག་ཅིང་། འདི་