R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༥༧
[A:༤༥༧]གཟིམ་ཆུང་དུ་གཟུགས་མེད་པའི་ལག་པ་ནག་པོ་རྐྱོང་བ་གཟིགས་པ་དང་། སྒོ་ཧར་གྱིས་ཕྱེ་བ་ཞིག་དང་། རྡོ་རྗེ་ཕུག་ཏུ་ཨ་ལྕེ་ལགས་ལ་མཚན་མོ་མངོན་སུམ་དུ་རྟེན་ཁྲིའི་འོག་ནས་ཤོབ་ཤོབ་ཟེར་བ་དུམ་ཙམ་བྱུང་བ་དང་། ཡང་ཉེར་བདུན་རྟིང་མའི་ཐོར་ཐུན་སྐབས་སྒྲུབ་ཁང་མདོའི་གཡབ་ནང་མ་ནས་གཟུགས་མེད་པའི་སྐད་ཞིག་གིས་རྩེ་ཐབ་པ་ཀུན་དགའ་ཆོས་འབྱོར་དོན་མེད་དུ་བོས་པས་ཁོ་པ་སྐྲག་ནས་ངེད་ལ་ཇ་སྐྱེལ་བར་ཡོང་མི་ནུས་པ་གང་དྲག་ཅི་དྲག་ལ་ཐུག་པ་ཞིག་བྱུང་བ་དང་། ཡང་ཉེར་བརྒྱད་ཀྱི་སྔ་ཐུན་གྲོལ་ནས་བདག་གི་དྲིན་ཅན་རྩ་བའི་བླ་མ་དམ་པ་མུས་ཆེན་རྡོ་རྗེ་འཆང་ལ་མཇལ་འཕྲད་ཞུས་ཤིང་། དེ་གྲུབ་ནས་གཡབ་མདོ་མར་གུང་ཚིགས་ལ་ཕྱིན་སྐབས་རྐང་པ་གཡོན་པའི་མཐེ་བོང་གི་མདུན་ནས་བཟུང་རྐང་མཐིལ་བར་དང་ཡར་བརླ་གཡོན་པའི་ཙམ་བར་ལ་ཚ་ཁུག་དང་ཟུག་གཟེར་སྣ་ཚོགས་བརྒྱབ་ནས་གྱོལ་བ་ཙམ་བྱུང་ཞིང་། དགོང་ཐུན་དང་སྲོད་ཐུན་སྐབས་ཀྱང་དེ་འདྲའི་མུ་ནས་བསྐྱལ་བས་ངེད་རང་གི་སེམས་ལ་བར་ཆད་ཀྱི་རྣམ་པས་འབམ་ཞིག་རྒྱག་ཏུ་ཡིན་སྙམ་ནས་སྲོད་ཐུན་གྲོལ་ནས་ཉལ་བའི་ཚེ་ཞེ་སྡང་དྲག་པོའི་སྒོ་ནས་རང་ཉིད་ཐུན་མཚམས་ཀྱི་ཧེ་རུ་ཀར་གསལ་བའི་སྙིང་ག་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་སྟོབས་འཕྲོག་དབང་པོ་འཁོར་བཅས་ལ་ཕོག་པས་དེ་དག་གི་ཐུགས་ཀ་ནས་རང་འདྲའི་ཁྲོ་བོ་བསམ་གྱིས་མི་ཁྱབ་པ་ཁྱུང་གི་མགོ་ཅན་འབའ་ཞིག་བྱུང་ནས། རྣལ་འབྱོར་པ་རང་ཉིད་ཀྱི་རྐང་པ་གཡོན་པ་ལ་ཡོད་པའི་ཟུག་གཟེར་ཚ་ཁྱུག་སོགས་ཀླུ་གཉན་ས་བདག་གཙོར་གྱུར་པའི་སྡེ་བརྒྱད་