R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༥༩
[A:༤༥༩]དགོས་པ་འདི་འདྲ་རེ་མ་ལེགས་སྙམ་ནས་ཡི་དམ་ལྷའི་ང་རྒྱལ་དཔེ་མེད་བྱས་ཁུལ་དང་། རྨི་ལྟས་སུ་ནག་རྩིའི་འགག་གི་སྐས་འོག་ན་འབྲུམ་པ་ཐར་འཕྲལ་ཞིག་གི་མི་སྐྱ་བག་ཅན་དར་ཡོལ་གྱོན་པ་དཀར་པོ་དུད་པའི་ནོགས་པ་གྱོན་ཞིང་། རྣ་བ་ལ་ལྕུག་མ་དང་ཀོ་བྱིར་སོགས་ལས་བྱས་པའི་སོག་སྐོང་ངན་ངོན་བཏགས་པ་ཨ་ཙ་རའི་སྐད་ཕྲན་བུ་ཤེས་མཁན་གཉིས་ཀྱི་རྒན་པ་མདོག་སྔོ་ཞིང་འབུར་རྗེས་དང་རྨ་ཡིས་གདོང་གང་བ་ད་ལྟ་ཡང་ཅུང་ཟད་ན་བའི་མུར་ཡོད་པ་དང་། གཞོན་པ་གདོང་དཀར་ཞིང་འབུར་རྗེས་ཕྲན་བུ་ཡོད་པ་གཉིས་ཆར་གཟུགས་ཐུང་ཙམ་བྱས་པ་ཞིག་གིས་ངེད་ལ་ཧ་ར་ཧུ་རེ་ཧ་ར་ཧུ་རེ་ཟེར་བྱུང་བས། ངེད་ཀྱི་ཐོག་ཁ་ནས་ཁྱོད་མི་བགས་ཅན་ཞིག་འདྲ་ན་མི་ཤེས་པའི་ཨར་སྐད་དགའ་མདོག་དེ་མི་ཡོང་། ད་ལྟ་འགྲོ་བ་ཁྱོ་ཡོ་བྱས་པར་ཁོས་བདག་ལ་ནུ་བོ་ཞིག་ཡོད་པ་ཡང་ཤི་སོང་ཟེར་ནས། མུན་ནེར་བསྡད་པ་ཞིག་དང་། ཡང་ཚེས་ལྔའི་སྲོད་ཐུན་གྲོལ་ནས་ཉལ་གྲབས་བྱེད་སྐབས་སྟེགས་གཏོར་གྱི་ཁེབས་ལ་ལྕག་ཚན་བུས་པ་ལྟ་བུའི་རྡོབ་ཟེར་བ་ཞིག་དང་། ཚེས་དྲུག་གི་སྔ་ཐུན་གྲོལ་ཉེར་ཐུན་གཏོར་བསགས་པའི་སྟེགས་ནས་གཏོར་མ་རྙིང་པ་གཅིག་དོན་མེད་དུ་ཤེད་བསྐྱེད་ནས་ས་ལ་གཡུགས་པ་དང་། དེའི་དགོང་ཐུན་གྱི་བཟླས་པ་ཚུགས་གྲལ་ཀུན་དགའ་བཀྲ་ཤིས་ཀྱི་གློ་འདྲ་བ་ཞིག་གིས་སྒྲུབ་ཁང་མདོར་ནས་མང་དུ་བོས་ཀྱང་བཏང་སྙོམས་སུ་བཞག་པ་ཡིན། ཡང་ཡུད་ཙམ་ཞིག་ནས་སྔར་གྱི་གློ་དེས་ཤིན་ཏུ་ཤུགས་ཆེ་བར་བོས་བྱུང་འཕྲལ་རྡོ་རྗེ་དཔལ་འབྱོར་སྒྲུབ་ཁང་སྦུག་ནས་ཕྱིར་བལྟར་སོང་བས་སུ་ཡང་