R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༦༠
[A:༤༦༠]མེད་པ་ཞིག་དང་། ཡང་ཚེས་བརྒྱད་ཀྱི་ནུབ་མོ་རྨི་ལམ་དུ་འབྲོག་པ་ཡིན་ཟེར་བའི་མི་སྐྱ་དར་མ་གདོང་ཐམས་ཅད་ཁ་སྤུས་གང་བ་ཞིག་ནས་ངེད་ལ་བདག་གི་ཡུལ་ན་ནང་ཚང་མང་པོ་ཡོད་ཀྱང་ད་ཐམས་ཅད་ཤི་ནས་མེད་ཟེར་བ་ཞིག་དང་། ཡང་ཚེས་བརྒྱད་ཆད་པའི་བཅུ་གཉིས་ཀྱི་ཐོར་ཐུན་དང་སྔ་ཐུན་གཉིས་ཆར་རིག་པ་ཉོབ་ནས་གྲུལ་རྟུབ་མང་བས་དེ་ཉིན་གུང་ཚིགས་ཀྱང་མེད་པ་བྱས་ནས་སྔ་ཐུན་གྲོལ་འཕྲལ་ལ་དགོང་ཐུན་མཐུད་ནས་ཚུགས་ཤིང་གཅུང་ལགས་དང་། ཨ་ལྕེ་ལགས། ལྕམ་ཨ་ཅུང་བཅས་གུང་ཚིགས་ཀྱི་སྐབས་ཁོས་ཁོང་ཚོ་ལ་ཡི་གེ་བྲིས་ནས་འདི་བཞིན་བྱས་སོ། ། ད་དེ་རིང་ཁོ་བོ་རྣལ་འབྱོར་ལ། །ཁོ་ནག་པོ་བདུད་ཀྱི་བར་ཆད་ཀྱིས། །ངེད་རིག་པ་ཉོབ་ནས་ཐོར་ཐུན་དང་། །སྔ་ཐུན་གྱི་གནས་སྐབས་ཐམས་ཅད་དུ། །སྔགས་གཅིག་ཀྱང་བགྲང་དུ་མ་བཅུག་རུང་། དེ་རིང་གི་ཁྲི་ཚོ་གཅིག་པོ་དེ། །ད་ནམ་སོང་བར་ལ་ཞོག་རེ་སྐན། །ལག་འཛུབ་མོ་ཆད་ཀྱང་བཞག་རྒྱུ་མིན། །རྐང་དཔྱི་མགོ་རུལ་ཡང་བཞག་རྒྱུ་མིན། །ས་གནམ་དུ་སོང་ཡང་གཞག་རྒྱུ་མིན། །གནམ་ས་རུ་སོང་ཡང་བཞག་རྒྱུ་མིན། །འཁྲུགས་དགུ་རྩེགས་བྱུང་ཡང་བཞག་རྒྱུ་མིན། །རླུང་བརྒྱ་ཚར་ལངས་ཀྱང་བཞག་རྒྱུ་མིན། །ཁྱོད་ནག་པོ་བདུད་ཀྱི་བར་ཆད་དེ། །སྔར་ཕན་ཡང་གྲངས་མེད་སླེབས་བྱུང་ངོ་། །ད་དུང་ཡང་ཇི་སྐད་ཡོང་གྱུར་ཀྱང་། །རྣལ་འབྱོར་དང་བར་ཆད་ཁྱེད་གཉིས་པོ། །འཐབ་པ་རང་ཆོག་པ་ཡོད་དོ་ཨང་། །སུ་སྐྱེན་དེ་ངེས་པར་སྡུར་རོ་ཨང་། །ཁོས་འོག་ཏུ་ནོན་ན་མ་འགྱོད་ཅིག །མཐུ་ཞན་པ་བྱུང་ན་མ་འགྱོད་