R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༦༢
[A:༤༦༢]སྒྲོལ་མ་ཟེར་བ་ཤི་ཟེར་ནས། ངུ་ཞིང་མྱ་ངན་སྟོབས་ཆེན་བྱེད་པ་ཞིག་དང་། ཞེས་གསུངས་པ་ལྟར་བསྙེན་སྒྲུབ་མཐར་ཕྱིན་ནས་རྒྱལ་ཟླའི་ཉེར་གསུམ་ནས་སྔ་ལམ་བྱང་པ་ཚོགས་ཡོང་བཅས་གཏོར་སྒྲུབ་དང་། ཉེར་དགུའི་ཟོར་འཕེན་སོགས་ཕྱག་ལེན་བཞིན་མཛད། བསྙེན་སྒྲུབ་ལས་གསུམ་གྲུབ་རྟགས་སོགས་གཞུང་ནས་བཤད་པ་བཞིན་མཐར་ཕྱིན་པར་མཛད་པ་དང་། རྟ་ཟླའི་ཚེས་ལ་མགོན་ཁང་ཁག་བཞི་ལ་གདུང་རབས་མྱུར་འབྱོན་གྱི་འཕྲིན་བཅོལ་དང་། ཁའུ་བྲག་རྫོང་དུ་གྲི་མདུང་སོགས་དྲག་པོའི་སྤྱན་གཟིགས་བཅས། ལྷོ་རིར་ལྷ་བསངས་ཕྲིན་འཆོལ་མཛད་སྐབས་དེ་ཉིན་མ་བསྒྲིགས་རྟེན་འབྲེལ་གྱི་ཚེས་བརྒྱད་དང་བོད་འབྲོག་རྣམས་ནས་གླུ་གཞས་གཟིགས་འབུལ་དང་བསོད་ནམས་ཞེས་པ་ནས་བུམ་ཆུ་ཕུལ་ཞིང་གཟའ་སྐར་གནམ་གཤིས་འཇམ་པ་སོགས་ཞིང་སྐྱོང་མཉེས་པའི་མཚན་མ་དང་། དེ་ནས་ཕེབས་ཁར་ཞིང་སྐྱོང་འཕྲེང་བའི་རྣམ་པས་ཐལ་རླུང་ཆེ་བར། གསོལ་ཀྲུམ་སོགས་བཞེས་འཕྲོ་རྣམས་ནས་ཤར་ལ་ཅུང་ཟད་ཐོར་ཞིག་གསུངས་ཏེ། རྡོ་རྗེ་ཤུགས་ལྡན་ལ་སྤོ་བོ་ཁྱོད་ཀྱི་རྣལ་འབྱོར་པ་ལ་ལམ་དུ་རླུང་འཚུབ་མ་གཏོང་ཞིག་གསུངས་པས་དེ་འཕྲལ་འཇམ་གྱིས་ཞི་སྟེ། ཕེབས་ལམ་ལ་རླུང་འཚུབ་གཏན་ནས་མེད་པ་དང། བསམ་བརླིང་དུ་ཕུན་ཚོགས་ཡང་རྩེར་ནམ་གཟིར་ལ་ལྷ་བསངས་ལ་ཕེབས་སྐབས་འགག་རིན་དབང་ནས་མགོན་ཁང་གི་ཕེབས་སྤྲས་གཤམ་དུ་གཟིམ་ཞུ་བཟུང་ནས་སྡོད་པ་བུད་མེད་ཐོད་རྫས་བཏགས་པ་ཞིག་ཏུ་གཟིགས་པ་སོགས་བསྟན་སྲུང་བྲན་འཁོལ་གྱི་ལོ་རྒྱུས་དེ་མཚུངས་སྔ་ཕྱི་མང་དུ་ཡོད་