R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༦༣
[A:༤༦༣]འགྲོ་ཡང་དེ་ཙམ་ལས་ཟིན་བྲིས་མཛད་པ་མ་མཐོང་བས་འོན་ཀྱང་འདིས་མཚོན་ནུས་པར་སེམས། དེ་སྐབས་གཞན་ཕུལ་ཁ་བཏགས་སོགས་ལ་གདུང་རབས་མྱུར་འབྱོན་གྱི་འདོད་གསོལ་སྦྱར་བ་དང་བཅས་ལྷ་མོར་སླར་འབུལ་བར་མཛད་དོ། །དེ་ཉིན་རྟེན་འབྲེལ་ལེགས་སོ་ཞེས་ཞབས་འབྲིང་པ་རྣམས་ལ་བཀའ་བསྩལ་བ་རིང་མིན་གདུང་རྒྱུད་ཕེབས་པའི་རྟེན་འབྲེལ་དུ་ངེས་ཤིང་། དེ་མཚམས་ནས་མུས་ཆེན་ཆོས་ཉིད་ཡེ་ཤེས་ཞེས། རྒྱུན་དུ་སྒོམ་སྒྲུབ་ཁོ་ན་ལ་བཞུགས་ཏེ། བདེ་ཀྱཻ་གུར་མགོན་སོགས་ཡི་དམ་ཆོས་སྲུང་འགའ་ཞིག་ལ་བྱེ་བསྙེན་སོང་བའི་བླ་མ་བགྲེས་པོ་དེ་ཉིད་ལ་གོང་དུ་བཤད་པའི་དབང་ཁྲིད་རྗེས་གནང་ལུང་སོགས་ལོ་གཉིས་ཙམ་གྱི་ཁོངས་སུ་རིམ་པར་གསན་ཅིང་། འཇིགས་བྱེད་དབང་སྐབས་འཇམ་མགོན་ཉིད་ནས་བླ་མ་དེ་ཉིད་རྡོ་རྗེ་འཇིགས་བྱེད་དུ་མངོན་སུམ་དུ་གཟིགས་པར་ཉིད་མཛད་གསོལ་འདེབས་ལས་ཀྱང་། བདག་ལ་འཇིགས་མཛད་ཞལ་གྱིས་མངོན་སུམ་བསྟན། །ཞེས་སོགས་གསུངས་ཤིང་མགོན་པོའི་གསང་ཁྲིད་སོགས་སྩོལ་སྐབས་ཀྱང་། འཇམ་མགོན་དབང་གི་མཚན་ཅན་ཉིད་ནས་གུར་མགོན་དངོས་སུ་གཟིགས་པ་སོགས་ལ་བརྟེན། ཡབ་རྗེ་རྡོ་རྗེ་འཆང་ཀུན་བློ་ཕུད་པའི་སྐུ་མཆེད་ཟུང་གི་དབུ་བླ་རྣམས་ཀྱིས་ཐུགས་དད་ཆེ་བར་མཛད་དོ། །འདི་ལོ་དཔྱིད་ཙམ་ནས་གདན་ས་འདིར་གདུང་རྒྱུད་བཞུགས་པའི་བླ་བྲང་ཆེ་བཞི་ལས་གཞན་གསུམ་གྱི་གདུང་རབས་དེང་སྐབས་མི་བཞུགས་པས་དུས་མཆོད་གདུང་རྒྱུད་ད་ལྟའི་བར་ལ་དར་ཞིང་རྒྱས་པར་བཞུགས་ཀྱང་དུས་མཆོད་བླ་བྲང་འདི་བཞིན་གོག་ཟོམ་ཤིན་ཏུ་ཆེ་