R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༦༥
[A:༤༦༥]མཁར་གསུམ་བརྩེགས་ནང་དུ་ཡི་དམ་ཆོས་སྐྱོང་སྡེ་བརྒྱད་སོ་སོའི་སྣང་བརྙན་ཉེ་འདབས་སུ་བསྟན་དགྲ་རྣམས་ཀྱི་བླ་གནས་འགུགས་པའི་ཤ་ཁང་དུ་གྲགས་པ་བཅས་རང་བཞིན་གྱིས་འཇིགས་ཤིང་སྐྱི་གཡའ་བ་རྣམས་སུ་མཐུ་ཆེན་དབང་སྡུད་སྙིང་པོ་ཉིད་ནས། གདན་ས་འདི་ཉིད་དུ་བསྟན་བཤིག་དམ་ཉམས་མཐོ་དམའ་གང་དུ་བྱུང་ཡང་སྒྲོལ་ཅིག་པའི་བཀའ་བསྒོ་དྲག་པོ་མང་དུ་གནང་བ་སོགས་དང་། སྟེང་དུ་གསེར་ཟངས་ཀྱི་རྒྱན་གསེར་འཕྲུ། ཐིགས་གཡབ་སྟེང་གི་ཕྱོགས་བཞིར་གསེར་ཟངས་རྒྱན་འོད་འབར་བ་གུར་ལྕམ་དྲལ། ཞལ་བཞི་པ་སོགས་སྐུ་ལྔ། རྩི་དམར་བཅས་པའི་རུ་མཚོན་རྩེ་གསུམ་རྔ་ཐུག་དང་བཅས་པ་ཐམས་ཅད་ལ་ཡང་རང་རང་གི་གཞུང་ནས་བཤད་པའི་ནང་གཟུངས་ཕུན་སུམ་ཚོགས་པ། རྒྱན་འཛུགས་ཆོག་དང་རུ་མཚོན་འཛུགས་ཆོག་བཅས་མཛད་པ་ལ། སྤྱིར་འཇམ་མགོན་སྐུ་མཆེད་ཆོག་གྲྭ་བཅས་ནས་འཁོར་ལོ་བདེ་མཆོག་གི་རབ་ཏུ་གནས་པ་རྒྱས་པར་མཛད་དོ། ། དགུང་གྲངས་ཉེར་ལྔར་སོན་པ་མེ་ལུག་ལོར་དེང་སང་མདོ་སྡེ་ལྷ་མཆོད་དང་འབྲེལ་ཡ་བ་སྐྱ་བདུན་གྱི་འཆམ་ཟོར་འཕེན་བཅས་གསར་བཙུགས་ཐོག་མར་མཛད་ལོ་ཡིན་ཏེ། དེ་གོང་བསམ་ཡས་མདོ་སྡེ་ལྷ་མཆོད་ཡིན། འདིར་ཡང་བདག་ཁྲི་བན་ཚང་པ་སོགས་ནས་ལྷ་བསངས་ཙམ་གནང་སྲོལ། སྔགས་འཆང་ཆེན་པོ་དང་ཨ་མེས་ཞབས་ཀྱི་སྐུ་དུས་ཙམ་ནས་བྱུང་འདྲ་ཡང་། འཆམ་དང་ཟོར་འཕེན་སོགས་ཀྱི་སྤྲོས་པ་མེད་ཅིང་། བདག་ཆེན་འདི་ཉིད་ཀྱི་སྐུ་དུས་ལ། དེ་ཉིན་སྒར་མུས་བཟུང་གི་དགོངས་རྫོགས་བདེ་མཆོག་སྒྲུབ་མཆོད་