R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༦༤
[A:༤༦༤]བར། ད་ལྟའི་བཀོད་ལེགས་ངོ་མཚར་ཅན་འདི་བཞིན་གསར་བསྐྲུན་མཛད་དེ། སྟེང་དུ་བླ་མ་ལྷ་ཁང་ཀ་བ་བཅུ་གཉིས་ཀྱི་ས་གནམ་ས་བར་གསུམ་གྱི་རྒྱན་དང་ཚོན་རྩི་སོགས་ཚར་དུ་དངར་བར་འཇམ་དབྱངས་ས་པཎ་ཤེལ་གཙུག་མར་གྲགས་པ། འཕགས་པའི་འདྲ་སྐུ་འབུལ་ཐོག་མ་སོགས་རྙིང་གྲས་རྣམས་དང་། དུས་མཆོད་གདུང་རབས་སྔགས་འཆང་ཆེན་པོས་བཞེངས་མཛད་རྣམས་ཀྱི་ཞལ་སྐོང་སྐུ་བརྙན་གང་དགོས་རྗེ་སྐུ་མཆེད་སོགས་སྦྱིན་བདག་གི་སྣང་བརྙན་སོགས་གསར་བཞེངས་མཛད་དེ་བཞུགས་པ་དང་། མགོན་ཁང་དུ་རྟ་མགྲིན་ཡང་གསང་གི་བླ་བརྒྱུད་དང་། གུར་ལྕམ་དྲལ། སྔགས་འཆང་ཆེན་པོ། ཨ་མེས་ཞབས། ཀུན་དགའ་བཀྲ་ཤིས་པ་རྣམས་ཀྱི་ཐུགས་དམ་རྟེན་པུ་ཏྲ་དམར་ནག་རྣམས་དང་། གསར་དུ་རྩི་དམར་མཆེད་བདུན་གོང་འོག་གསར་བསྐྲུན་རྣམས། སྨན་འདམ་རིན་ཆེན་ཕྱེ་མ་སོགས་ཀྱི་ཕུང་པོར་རྟེན་འདམ་དཔེ་གྲགས་མ་སོགས་བྱིན་རྟེན་མང་བསྲེས་ཀྱི་རྒྱུ་ལས་གྲུབ་པ་མ་ཟད་རྩི་དམར་སོགས་ལ་མེད་མི་རུང་བའི་བླ་རྡོ་སྲོག་འཁོར་སོགས་ཀྱིས་མཚོན་རིང་བསྲེལ་རྣམ་བཞིས་གོང་བུར་བསྐྲུན་ཏེ་བྱིན་རླབས་དང་རབ་གནས་སོགས་འགྲོ་མགོན་དབང་གི་མཚན་ཅན་མཆོག་ནས་མཛད་པ་རྣམས་ལ་གནམ་ས་བར་གསུམ་དུ་དྲག་པོའི་རྒྱན་དང་། གཏོར་མ་གསུམ་སོགས་དྲུག་རྟེན་གྱི་རྫས་རྣམས་དང་། རྟེན་མདོས་བྱ་རྟ་གཡག་སོགས་སྤྱན་གཟིགས་སོགས་དང་། འཁོར་ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་རྣམས་གྱོན་སྦག་གི་ཚུལ་དུ་གནས་པ། འཇིགས་ཤིང་རྔམ་བརྗིད་དང་ལྡན་པའི་མཐིལ་དུ་གནོད་སྦྱིན་ཆེན་པོའི་སྐུ་