R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༦༦
[A:༤༦༦]ནམ་འོག་མ་གྲོལ་བར་མཛད་ནས། ལྷ་བསངས་སྔ་མུས་བཞིན་དང་། དེ་གྲོལ་ནས་དུས་མཆོད་མགོན་ཁང་དུ་སྐུ་གདུང་རྣམས་དང་། བདེ་གླིང་ཚོགས་ཡོངས་བསྙེན་སོགས་ཡན་ནས་གནོད་སྦྱིན་མཆེད་བདུན་གྱི་གཏོར་སྒྲུབ། ཟོར་འཕེན་འཆམ་སོགས་སྤྲོས་པ་ཆེ་བ་ཞིབ་ཆ་དེབ་སྒྲིགས་བཞིན་ཟབ་དཀྱུས་ཀྱི་རྣམ་བཞག་བཅས་མཛད་པ་དང་། བདག་ཁྲི་ནས་རྒྱལ་ཆེན་སྐུ་ལྔ་དང་། རྩི་དམར་མཆེད་བདུན་གྱི་རྟེན་མདོས་ཡབ་རྗེ་ཀུན་བློའི་ལྗགས་སྒྲིགས་བཞིན་ད་ལྟའི་བར་བསྟན་དོན་ཞབས་རིམ་མཛད་སྲོལ་འདི་བཞིན་ཐོག་མར་ཛུགས་པ་མཛད་ལོ་དང་། གཞན་ཡང་རང་རེའི་མངའ་ཞབས་རྣམས་ལ་དུར་སྤོད་ནས་བྱུང་བའི་བུ་སྤེལ་གྱི་ལས་ཚོགས་མང་དུ་མཛད་པ་ཡིན་ཏེ་རྣམ་ཐར་རྩ་ཚིག་ཞལ་གསུང་མ་ལས། སྐབས་ཤིག་མཛོད་པ་ཀུན་དགའ་ཕུན་ཚོགས་ནས། །བསྐུལ་ངོར་རང་རེའི་ཆབ་འབངས་ཐམས་ཅད་ལ། །ནོར་སྐྱོང་ལས་ཚོགས་སྲིད་སྤེལ་མང་དུ་བྱས། །དམ་ལྡན་ཚོ་ལ་བུ་ཡང་འབྱུང་ངེས་དང་། །དམ་མེད་རྣམས་ལ་བུ་ཚ་མི་འདུག་གོ །ལྷག་པར་དམ་ཉམས་སྡོམ་ཉམས་བཟའ་མི་གཉིས། །རང་ཡུལ་མ་སླེབས་ཁོང་ཁྲག་སྐྱུགས་ནས་འཆི། །ཞེས་གསུངས་པ་དང་། །ད་ལྟ་གཞི་ཐོག་དབང་ཁང་སོགས་ན་བཞུགས་པའི་ནོར་སྐྱོང་ཡབ་ཡུམ་འཁྲིལ་སྦྱོར་གྱི་གཤམ་དུ་གཞི་ཐོག་ཕོ་བྲང་སོགས་བྲིས་པའི་ཕན་ཚུན་མི་སྡེའི་གྲོང་གིས་ཁེངས་པ་ལ། སྲིད་སྤེལ་སྙོམས་འཇུག་གི་རྣམ་པ་མང་དུ་བྲི་བར་མཛད་པའི་ཐང་ག་གོང་གཤམ་འཇའ་གོས་ནོར་ཆབ་ཅན། ཞལ་ཁེབས་སྨན་རྙིང་སྤུས་དག་དུ་མས་བརྒྱན་པ་འདི། དེ་སྐབས་ཀྱི་རྟེན་བྱིན་ཅན་ཞིག་