R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༦༧
[A:༤༦༧]ཡིན་འདྲའོ། །འདི་སྐབས་ཙམ་ལ་ཡིན་ནམ་གངས་རིའི་ཁྲོད་ཀྱི་དམ་ཆོས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ཞེས། འཛམ་གླིང་ན་ཡོངས་སུ་གྲགས་པའི་བཀའ་བབས་ཀྱི་ཤིང་རྟ་འདྲེན་པ་སོགས་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་ལས་སྐུ་མཆེད་གཉིས་ཆར་གྱིས་དབང་ཆོས་གསན་ཚུལ་ཁོང་རང་གི་རྣམ་ཐར་ལོ་རྒྱུས་ནང་གསལ་བ་གོང་དབུ་བླའི་གྲས་སུ་མ་འཁོད་པ་ཅུང་ཟད་ཐུགས་ཚོམ་བྱུང་ངམ་སྙམ་པ་བཅས་དང་། དགུང་གྲངས་ཉེར་དྲུག་པ་ས་སྤྲེལ་ས་ག་ཟླ་བར་གང་གི་སྐུ་མཆེད་གཅུང་པོ་ཨེ་ཝཾ་བཟང་པོ་ཀུན་དགའ་ཕན་བདེ་རྒྱ་མཚོ་དེ་ཉིད་དགུང་གྲངས་ཉེར་གསུམ་པར་བསྟན་གེགས་བཟློག་མེད་ཀྱིས་གློ་བུར་དུ་ཞིང་བརྗེས་པའི་ཚུལ་བསྟན་པ་ཡིན་ཏེ། རྣམ་ཐར་རྩ་ཚིག་ལས། བར་སྐབས་ཞིག་ལ་རིགས་ཀྱིས་ཕོངས་པའི་ཁར། །ནུ་བོ་རྒྱན་མཆོག་ནམ་མཁའི་འཇའ་ལྟར་ཡལ། །ངེས་འབྱུང་ཞེ་སྡང་འབྲས་བུས་ལུས་སེམས་མནར། །ཞེས་གསུངས་པ་ལྟར་སྐུ་ན་ཕྲ་བ་སོགས་སྐུ་མཆེད་དུ་གྱུར་པའི་ཐུགས་ངལ་ཙམ་དུ་མ་ཟད་དེ་སྐབས་གདན་ས་ཆེན་པོ་འདིར་གདུང་རྒྱུད་ཧ་ཅང་ཉག་ཕྲར་ཐུག་པ་སོགས་རྗེ་འབངས་ཚང་མ་ཐུགས་ཕམ་ཀྱི་རང་བཞིན་དུ་གྱུར་ཀྱང་སྔོན་དུ་ཞབས་རིམ་སོགས་རྒྱ་ཆེར་འབད་སྒྲུབ་མཛད་དང་མཛད་མུས་བཅས་བྱ་ཐབས་བྲལ་ཚུལ་དེ་སྐབས་སྐུ་མཆེད་རྗེ་བཙུན་མ། མཛོད་པ་ཀུན་དགའ་ཕུན་ཚོགས་དང་། མཁན་པོ་ངག་དབང་དཔལ་བཟང་། རྗེ་མུས་པ་ཆེན་པོ་སོགས་ཉིད་ཀྱི་དབུ་བླ་རྣམས་དང་བཅས་ནས་དངོས་འབུལ་དང་བཅས་རྒྱུ་མཚན་མང་དུ་གསོལ་བས་གནས་སྐབས་ཐུགས་གསོས་ཏེ།