R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༦༨
[A:༤༦༨]དགོངས་རྫོགས་རྣམས་ཀྱི་ཞལ་བཀོད་དང་བཅས་སྐུ་གདུང་རིན་པོ་ཆེ་མཆོད་སྦྱིན་གྱི་དབུས་སུ་གདན་དྲངས་ཏེ། ལོངས་སྐུའི་ཆས་སུ་བཞུགས་མདུན་བླ་མ་མཆོད་མཆོག་དང་ཐུགས་དམ་འཛིན་མཛད་སོགས་དང་། རྒྱུད་སྡེ་ནས་བཤད་པ་བཞིན་དུས་མཐའི་ཆོ་གའི་སྒོ་ནས་ཞུགས་ལ་འབུལ་བ་སོགས་དང་དགོངས་རྫོགས་དངོས་གཞི་གདན་ས་ཆེན་པོ་འདི་ཉིད་དང་། སྟོད་སྨད་བར་གསུམ་གྱི་དགོན་སྡེ་ཆེ་ཕྲ་ཇི་སྙེད་པར་མཆོད་འབུལ་དང་། དགེ་འདུན་འདུས་ཚོགས་སུ་བསྙེན་བཀུར་ཕྱག་འགྱེད། སྐྱེ་བོའི་ཚོགས་ལ་སྦྱིན་གཏོང་སོགས་རྒྱ་ཆེར་མཛད་པ་གཞིར་གྲུབ་ཀྱང་དེང་སྐབས་ཟིན་ཐོ་སོགས་མི་སྣང་བས་སྐུ་གདུང་ཞུ་ཡུལ་སོགས་གནས་དང་གང་ཟག ངེས་ཏིག་འགོད་པ་རྔོ་མི་ཐོགས་ཤིང་། སྤུར་ཁང་ཞལ་ཕྱེ་སྟེ་གདུང་རུས་རྣམས་བསྡུས་ཏེ་སཙྪ་དྲི་མེད་སྙིང་པོ་ཅན་དང་། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྲུང་ནོར་ལྷ་དང་བཅས་པའི་སྐུ་སྤར་གྲངས་མང་འདེབས་གནང་གིས་ནུབ་གཅིག་གཟིམ་ཆུང་དུ་བཞུགས་སུ་གསོལ་བར། མེ་ཏོག་དཀར་པོ་པདྨ་འདབ་བཞི་ཡུ་བ་ཕྲན་བུ་དང་བཅས་སཙྪ་སོགས་གདུང་འདི་ལས་གྲུབ་པའི་སྐུ་སྤར་རྣམས་ཡོད་སར་ལྷ་རྣམས་ཀྱིས་མང་དུ་ཕབ་པ་སྔོན་ལྷ་ཁང་བླ་བྲང་གི་གདུང་རབས་ཞིག་ལའང་དེ་བཞིན་བྱུང་འཕྲོས་བཅས་པའི་ནང་གཟུངས་ཀྱི་གཞི་བྱས་ཏེ། གཞན་ཡང་རྫོགས་པའི་སངས་རྒྱས་ཀྱི་རིང་བསྲེལ་འཁྲུལ་མེད་གདན་ས་འདི་ཉིད་ཀྱི་རྟེན་དམ་དཔེ་གྲགས་མ་བླ་མ་གོང་མའི་ན་བཟའ་དབུ་ལྗོན་དམ་རྫས་སོགས་རིང་བསྲེལ་རྣམ་བཞིས་ཕྱུར་པོར་གཏམས་པའི་ལྷ་ཆེན་ཁྱམས་སྟོད་དུ་བྱང་ནས་ལྷོ་