R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༧༥
[A:༤༧༥]དྲག་པོའི་སྤྱན་གཟིགས་སུ་ཞིག་གིས་མཐོང་བ་ཙམ་གྱིས་སྤ་བཀོང་བར་བྱེད་པ་འདི་རྣམས་གསར་བསྐྲུན་གྱིས་འཇམ་མགོན་མཐུ་ཆེན་དཔའ་བོ་ཉིད་ཆོག་གྲ་དང་བཅས་པས་རབ་ཏུ་གནས་པ་རྒྱས་པར་མཛད་སྐབས་སོགས་སུ། ལོགས་བྲིས་ཀྱི་མ་མོའི་སྐད་འབྱིན་པ་དང་བོང་བུའི་སྒྲ་གྲགས་པ་སོགས། ཆོ་འཕྲུལ་དུ་མ་བྱུང་ཚུལ་དང་། ཡང་རྣམ་ཐར་རྩ་ཚིག་ལས། ལྷག་པར་སླར་ཡང་ནཱཻ་པཱ་ལ་ཁོ་ཡི། །རབ་འཇིགས་དམག་གི་གཡུལ་ངོ་བཤམས་པའི་སྐབས། །གཞུང་ས་མཆོག་ནས་བཀའ་བསྩལ་ལྷུར་བླངས་ཀྱིས། །དྲག་པོ་མངོན་སྤྱོད་ལས་མཐའ་མི་གཅིག་པ། མནན་བསྲེག་འཕངས་གསུམ་མང་པོ་རེམས་ནས་བྱས། །ནུས་པ་ཐོན་པའི་སྐད་ཀྱང་མང་པོ་བྱུང་། །ཞེས་གསུངས་པ་ལྟར་བལ་དམག་འགོ་པ་སྤྲེལ་ལོ་ལངས་ཀྱང་། དེ་ནས་ས་བཀྲས་དང་གདན་ས་གསུམ་གྱི་སྐུ་ཚབ་ནས་བལ་བོད་བར་ཆིངས་སྒྲིག་བགྱིས་ཚད་ཀྱང་ལེ་འགྲིག་པ་ཞིག་མ་བྱུང་ཚུལ་གྱིས། སླར་ལྕགས་ཁྱི་ལོ་རོང་བཀྲས་རབ་ངོས་ནས་ཐོན་ཏེ་གཙང་ཕྱོགས་ཕལ་ཆེར་བལ་དམག་གིས་ཁྱབ་ཏེ། དགོན་སྡེ་ཆེ་བ་ཕལ་ཆེ་བ་ནི་རྩད་ནས་སྟོངས། འགའ་ཞིག་ནི་སྟོང་ལ་ཁད་དུ་གྱུར། དགེ་འདུན་འདུས་པ་རྒྱ་མཚོ། གནམ་སའི་ཁྱོན་གང་བ་ཙམ་བཞུགས་པའི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཡང་བལ་དམག་རྣམས་ཟླ་གཅིག་ཙམ་བསྡད་པ་སོགས་ཀྱིས་ཞབས་འདྲེན་ཅི་ཆེར་གྱུར་སྐབས། གཞུང་ས་མཆོག་གི་བཀའ་དོན་དམག་བཟློག་མངོན་སྤྱོད་ཀྱི་ལས་སྦྱོར་མང་དུ་མཛད་པས་གོར་ཥའི་དམག་སྒར་རྣམས་གཏོར་ཟོར་འུར་སྒྲ་དང་བཅས་ནམ་མཁའ་ནས་དངོས་སུ་བབས་