R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༨༣
[A:༤༨༣]ཏེ་དྲག་པོའི་སྦྱིན་སྲེག་དང་འབྲེལ་བཙན་ཆུང་སྲེག་སྦྱངས་མཛད་པ་ད་ལྟ་བྱང་གི་བྲག་དམར་གྱི་ལོགས་རྟེན་ཁང་ཡོད་པ་བཤིག་སྟེ་ཁ་སྣོན་བདུད་འདུལ་མཆོད་རྟེན་གྱི་བུམ་སྒོར་རྟ་མགྲིན་གསང་སྒྲུབ་ཀྱི་སྣང་བརྙན་བཞུགས་ས་འདི་བཞིན་གསར་བསྐྲུན་དང་བཅས་པ་བཙན་ཆུང་བའི་མིང་བོས་མི་ཆོག་པ་མཛད་དེ། དེའི་ཚབ་ཏུ་གནོད་སྦྱིན་བེག་རྩེ་དང་གང་གི་ཀླུ་གདོལ་པ་ནག་པོ་གཞི་བདག་ཏུ་བསྐོས་པས་ད་ལྟ་བེག་གདོལ་དུ་གྲགས་པ་ཆབ་ཆེན་ཆེན་མོར་གསོལ་མཆོད་མཛད་པ་བཞིན་བྱུང་ཞིང་། ལྷ་སྲིན་གཞན་ལ་བཙན་ཆུང་བའི་རྒྱབ་དང་འགྲོ་བ་གཞན་དག་ལ་གནོད་འཚེ་མི་ཆོག་པའི་སྤྲེང་ཡིག་བཅས་མཛད་པ་ལ། ད་ལྟ་སྤྲིང་ཡིག་ཅེས་པའི་བཞུགས་ཁང་འདི་བཞིན་བྱུང་ངོ་། །གཞན་ཡང་རྒྱལ་ཆེན་བསོད་ནམས་དཔལ་དུ་གྲགས་པ་སོགས་རྟེན་ཁང་བདེ་མཆོག་ན་ཡོད་པ་འདི་རྣམས་དང་། གཞན་ཡང་རིལ་སྒྲུབ་སྐབས་སོགས་ལ་ཕེབས་པའི་རྣལ་འབྱོར་དབང་ཕྱུག་བིརྺ་པའི་སྲུང་བ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་མངོན་རྟོགས་པའི་མཐུན་པའི་སྣང་བརྙན་ཟུང་དང་། ད་ལྟ་རིལ་སྒྲུབ་སོགས་ལ་འགྲེམ་པའི་སྔགས་འཆང་ཆེན་པོས་བཞེངས་པར་མཛད་པའི་སྔགས་ཐང་ཆེན་མོ། བླ་མ་ཡི་དམ་ཆོས་སྲུང་བཅས་པའི་ཞལ་སྐོང་གསར་བྲིས་མང་དུ་མཛད་པའི་ཐང་ཀ་དང་བཅས་པར་གོས་རྒྱན་གཞི་ལི་ཝང་གི་གོང་ཤམ་འཇའ་སྒྲིགས་ཞལ་ཁེབས་ལིང་སྣ་ལྔ་སོགས་ཀྱིས་སྤྲས་པ་དངུལ་ཏོག་ཅན་འདི་དག་དང་། གཟིམ་ཆུང་དང་བཅད་རྒྱ་ཁང་བཅས་ཀྱི་གོས་ཀྱི་བླ་བྲེ་དང་ཧོར་གོས་འབའ་ཞིག་ལས་གྲུབ་པའི་གོས་ཀྱི་ཡོལ་བ་གསུམ།