R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༨༥
[A:༤༨༥]བ་དང་། ཐུག་ཆེན་འདི་བཞིན་ཡབ་རྗེ་ཀུན་བློའི་སྐུ་དུས་སྤོས་གནང་མཛད་ཀྱང་། ལོ་མང་ཅུང་ཟད་གོག་སྐྱོན་གྱིས་གསར་བསྐྲུན་མཛད་ནས་དབུ་རྩེའི་ཁྱམས་རར་མགོན་པོའི་མན་ངག་ནས་བྱུང་བ་བཞིན་ཐུན་མོང་མ་ཡིན་པའི་ཐུགས་སྒྲུབ་ཚུལ་བཞིན་གསར་འཛུགས་མཛད་དེ། ཐུབ་ཆོག་མངའ་གསོལ་བཅས་རྒྱས་པ་མཛད་པར་གྲགས་པ་དང་། དབུ་རྩེ་རྙིང་མའི་ཐོག་གི་གསེར་ཟངས་ཀྱི་རྒྱ་ཕིབས་འདི་བཞིན་སྔགས་འཆང་གྲགས་བློ་བས་བཞེངས་གནང་ལ་ལོ་མང་གོག་སྐྱོན་ཤིང་ཆ་གསར་སྤོད་སོགས་གསར་བཞེངས་དང་འདྲ་བའི་ཉམས་གསོ་མཛད་པ་དང། དབུ་རྩེ་གསར་མར་གྲགས་པའི་ལམ་འབྲས་བླ་བརྒྱུད་ཀྱི་ཞལ་སྐོང་། ཡབ་རྗེ་རྡོ་རྗེ་འཆང་ཀུན་དགའ་བློ་གྲོས་ཀྱི་སྣང་བརྙན་དངུལ་གྲུབ་མ་མཆོད་རྫས་བཅས་འདི་བཞིན་སོགས་གསར་སྐྲུན་རབ་གནས་བཅས་མཛད་པ་དང་། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་གཟིམ་ཕུག་གཟིམ་ཁང་རྙིང་མའམ་ད་ལྟ་གྲྭ་ཤར་གཙུག་ལག་ཁང་དུ་གྲགས་པ་འདི་ལ་ཉམས་གསོ་གསར་བསྐྲུན་ལྟ་བུ་དང་། ནང་དུ་བཟང་གོས་ཀྱི་བླ་བྲེ་འཕན་སོགས་མཆོད་རྫས་དུ་མ་འབུལ་སྦྱོར་མཛད་པ་དང་དེ་ནུབ་སྨུག་ཆུང་མགོན་ཁང་ལ་ཉམས་གསོ་དང་ནང་དུ་རྒྱལ་ཆེན་རིགས་བཞི་མི་ཚད་མ་འདི་རྣམས་དང་། དྲག་པོའི་གཞལ་ཡས་ཁང་སོགས་ནང་གཟུངས་མཚན་ལྡན་འཁོར་ཚོགས་རྣམས་ཀྱི་མགོ་བརྙན་དང་བཅས་གསར་བསྐྲུན་གྱིས་རྡོ་རྗེ་ཕུར་པ་ལ་བརྟེན་པའི་རབ་གནས་རྒྱས་པར་མཛད་པ་དང་། དེ་རྣམས་ཀྱི་ལྟག་བདེ་གླིང་མགོན་ཁང་སོགས་ཉམས་གསོ་དང་། མགོན་པོ་ལྕམ་དྲལ་