R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༩༥
[A:༤༩༥]སྟེང་བཞུགས་ཁང་ཁྲོལ་ཆེན་བཀོད་ལེགས་སྤེན་བད་སྟེང་དུ་གསེར་འཕྲུ་གསེར་ཟངས་རྒྱལ་མཚན་སོགས་གནས་འདི་མཛེས་ཤིང་ཞིང་སྐྱོང་དགྱེས་པའི་མཆོད་རྫས་སུ་བསྐྲུན། མགོན་ཁང་མདུན་གྱི་གཞུང་ལམ་ཕྱག་འཚལ་སྒང་དུ་གྲགས་པའང་སྔོན་དཀར་གོང་སྤུངས་པ་ལ་དར་ལྕོག་སྒྲོན་པ་ཞིག་ལས་མེད་པ། ད་ལྟ་མཎྜལ་བཀོད་ལེགས་དབུས་སུ་ངོ་བོ་ཞིང་སྐྱོང་དྲག་པོ་གཟི་ལྡན་དབང་ཕྱུག་བཞུགས་ཀྱང་གདུལ་བྱའི་སྣང་ངོར་ཇོ་དར་གསེར་འཕྲུ་ཅན་ཕྱོགས་བཞི་ཡུམ་ཆེན་སྐུ་མདོག་མཐུན་པའི་དར་ལྕོག་ཅན་འདིའང་བསྐྲུན་ཞིང་། དེ་དུས་ཀྱང་རླུང་དམར་ཤིན་ཏུ་ཆེ་བ་བྱུང་ཡང་དོན་འབྲས་ད་ལྟར་གདུང་བརྒྱུད་གེགས་མེད་ཕེབས་ཐུབ་པའི་རྟགས་དགུང་གྲངས་སོ་བརྒྱད་པ་ལྕགས་སྤྲེལ་ཟླ་བ་བརྒྱད་པ་ཡན་གྱི་མཛད་འཕྲིན་རགས་ཙམ་སྔར་སྨོས་པ་བཞིན་དང་། ཁྱད་པར་གཙུག་ལག་ཁང་ཉམས་གསོ་གསར་བསྐྲུན་མཛད་པ་སོགས་འདི་དུས་ཀྱི་ལྷ་ཁང་མཁན་ཆེན་ཀུན་དགའ་དཔལ་བཟང་གིས་ལྕགས་བྱ་ལོར་མཛད་པའི་གདན་ས་འདི་ཉིད་ཀྱི་རྟེན་བཤད་ཆེན་མོ་སོགས་ནས་བཏུས་པ་བཅས་དེ་ལྷག་གི་ཞིབ་ཆ་མ་རྙེད་པ་དང་། དེ་ནས་ལྕགས་སྤྲེལ་ཟླ་བ་བརྒྱད་པའི་འཕྲོ་ནས་ས་སྦྲུལ་ཟླ་བ་བཞི་པའི་ཚེས་བཅུ་དྲུག་བར་འཚོ་ཞིང་བཞུགས་པའི་ལོ་ཧྲིལ་པོ་བརྒྱད་དང་ཟླ་བ་བདུན་དང་ཞག་བཅུ་དྲུག་གི་རྟོགས་བརྗོད་རྣམ་ཐར་སོགས་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་ཡོང་བ་གཞིར་གྲུབ་ཀྱང་དེང་སྐབས་ལོ་མང་སོང་རྐྱེན་གཏམ་རྒྱུད་སྒྲ་དག་མིན་སྣ་ཚོགས་བརྗོད་པ་ལས་ལོ་རྒྱུས་ཞིབ་པར་ཡིག་འཁོད་ཀྱི་ཟིན་བྲིས་སོགས་ཆེར་མེད་རྐྱེན་ཞིབ་ཆ་འབྲི་