R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༩༦
[A:༤༩༦]བར་རྔོ་མ་ཐོགས་ཀྱང་། གཞན་ནས་ཐོར་བུ་བྱུང་བ་འགའ་རེ་གུང་བསྟུན་ཏེ་སྒྲོ་བསྐུར་སྤངས་ཏེ་ཅུང་ཟད་འབྲི་ན། ལྕགས་བྱ་སོགས་ལོ་འདི་རྣམས་སྔ་ཕྱི་གང་རིགས་སུ་ལྷ་ཆེན་ལྕགས་རིའི་བྱང་སྤེལ་ལྷ་ཁང་འདི་བཞིན་རྩ་བ་ནས་གསར་བསྐྲུན་གྱི་ནང་དུ་ཕྱིས་བྱོན་གདུང་བརྒྱུད་སྲི་སྐེག་གི་བར་གཅོད་ཀྱིས་མི་ཚུགས་པའི་ཕྱིར་བདུད་འདུལ་མཆོད་རྟེན་སྐེག་སྲི་ཟིལ་གནོན་གྱི་འདྲ་སྐུ་རིན་པོ་ཆེ་སོགས་རྟེན་རྣམས་བྱིན་འདམ་ཁྱད་པར་ཅན་དུ་མ་ལས་བསྐྲུན་པ་གཟུངས་རྫོགས་རབ་གནས་བཅས་མཛད་པ་འདི་རྣམས་དང་། དེའི་ལྷོ་ནུབ་ལྕོག་སྤེལ་དུ་འདུ་ཁང་ཀ་བ་བཅུ་དྲུག་པ་སྡོམ་གསུམ་རབ་དབྱེར་གཞུང་སྐྱོར་མཛད་པར་དམིགས་ཏེ་ནང་གི་རྟེན་འཇམ་མགོན་ས་པཎ་གྱི་སྐུ་འདྲ་རིན་པོ་ཆེ་རིང་བསྲེལ་རྣམ་བཞིས་ཕྱུར་བུར་གཏམས་ཏེ། རབ་གནས་ཅན་གསར་བཞེངས་མཛད་པར་ས་པཎ་ལྷ་ཁང་དུ་གྲགས་པ་དེ་ཡང་ཉིད་མཛད་སྐེག་སྲི་ཟིལ་གནོན་གྱི་སྐུ་འདྲ་བཅས་གོང་དང་གཉིས་ཆར་རྩེར་གསེར་ཟངས་ཀྱི་རྒྱལ་མཚན་གྷམ་བྷིར་སོགས་ཀྱིས་བརྒྱན་ཅིང་། ནང་དུ་གོས་ཀྱི་བླ་བྲེ་འཕན་སོགས་མཆོད་རྫས་དུ་མས་མཛེས་པ་འདི་རྣམས་གསར་བསྐྲུན་མཛད་པ་དང་། གཞན་ཡང་པཎ་ཆེན་གཞུང་བརྒྱ་པའི་གདན་ས་ཆོས་འཁོར་ལྷུན་པོའི་ངོས་སུ་སྐུ་རྟེན་མཆོད་གསར་སྦྱོར་མང་དུ་སྣང་བས་མཚོན་ད་དུང་འདིར་མ་འདུས་པ་ཡོད་པར་ཤེས་པར་མཛོད། གཞན་ཡང་ཁའུ་ཆུ་ཚན་འོ་བསིལ་འདི་བཞིན་འགྲོ་མགོན་དབང་གི་མཚན་འཆང་འདི་ཉིད་ཀྱི་ཆབ་ཚན་ཡིན་སྐད་དང་། བླ་མ་གཉིས་མེད་དུ་གྲགས་པའི་ཆབ་ཁ་འདིར་འཇམ་མགོན་ཀུན་བློས་ཀྱང་