R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༩༧
[A:༤༩༧]བཞུགས་འདུག་པ་དེ་དུས་གསར་བསྐྲུན་མཛད་གྲས་དང་། གཞན་ཆབ་ཚན་སྐབས་ཁྲི་པའི་བཞུགས་ཡུལ་ད་ལྟ་སྤེལ་རིལ་དུ་གྲགས་པ་དང་། ཕྱག་གཉེར་བན་ཚང་པ་སོགས་སྡོད་ཡུལ་སྔ་དུས་ཁང་ཕྲན་དུ་མ་ཡོད་ཚོད་འདུག་པ་ཕལ་ཆེར་སྐུ་ཐོག་འདིར་བྱུང་འདྲ་བ་དང་། གཞན་ཡང་ཡབ་རྗེ་ཀུན་བློའི་སྐུ་དུས་བཞེངས་གནང་གི་གསེར་གྱི་འདྲེན་ཆས་གསུམ་གྱིས་སྐུ་ཐོག་འདིར་ཁོམ་མིན་ལ་བརྟེན་གསེར་གྱི་འདྲེན་ཆས་དཀར་སྟེགས་བཟེད་ཞལ་བཅས་གཅིག་འཕར་བ་འདི་དང་། གསེར་ཏིང་ཆེ་བ་འདི་ཉིད་བཅས་ད་ལྟ་གསོལ་ཆེའི་རྩིས་ཁྲའི་ཐོག་ཡོད་པ་འདི་རྣམས་གསར་བསྐྲུན་མཛད་པ་དང་། དགུང་གྲངས་བཞི་བཅུར་ཕེབས་པ་ཆུ་ཁྱི་ལོའི་མཇུག་ཙམ་ནས་བདག་ཆེན་དབང་གི་མཚན་ཅན་ཉིད་དང་། གདུང་སྲས་རྒྱལ་ཡུམ་སྐུ་གཞོན་དམ་ཚིག་སྒྲོལ་མ། མཛོད་པ་དྲུང་རིགས་བན་ཚང་པ་སོགས་ཞབས་འབྲིང་པའི་འཁོར་ཚོགས་སྔོན་ལམ་བཞིན་དང་བཅས། གངས་ལྗོངས་ས་ཡི་ཐིག་ལེ་ལྷ་ལྡན་རྒྱལ་ཁབ་ཆེན་པོ་སོགས་གོང་ས་ཡན་ཕྱིན་གྱི་མཇལ་ཕྱག་ཏུ་ཆིབས་སྒྱུར་མཛད་སྒོ་རྣམས་ཕལ་ཆེར་ཤིང་གླང་ལོར་ཡབ་རྗེ་ཀུན་བློ་ཡབ་སྲས་གསུམ་བཅས་ཕེབས་སྐབས་ལ་ཆ་བཞག་མཛད་དམ་སྙམ་པ་དེ་སྐབས་འཇམ་མགོན་ཀུན་བློས་མཛད་པའི་འགྲུལ་ཕེབས་བཅའ་ཡིག་ཉུང་ངུ་ཞིག་ཡོད་པ་གཞིར་མཛད་ནས། བཅའ་ཡིག་རྒྱལ་བསྟན་རབ་རྒྱས་ཞེས་པ་གསར་བཀོད་མཛད་དེ་སྒར་པ་རྣམས་ཀྱི་བྱེད་སྒོ་ཆེ་ཕྲ་དེ་བཞིན་དགོས་པའི་བཀའ་བསྒྱུར་དང་བཅས། སྔར་ལམ་མགོན་ཁང་རྣམས་སུ་ལམ་གཏོར་སོགས་མཛད་ནས། བར་ལམ་ཞག་ཐོག་