R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༠༡
[A:༥༠༡]ཕེབས་བཞུད་མ་གཏོགས་གཞན་རྩ་ཆག་གི་གཏན་ཚིགས་རྒྱ་བོད་སྐད་གཉིས་ཤན་སྦྱར་མ་གཙང་བཙན་བསྩལ་བ་སོགས་མངའ་འབངས་རྣམས་ལ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པས་འཚོ་བར་མཛད་པ་སོགས་རྒྱལ་དབང་པདྨ་ཀ་ར་དངོས་དང་རྣམ་དབྱེར་མ་མཆིས། དེ་ནས་ཐོན་ཕྱག་སོགས་རིམ་པར་ཞུ་གནང་གིས་གཞུང་ས་མཆོག་ནས་ཕེབས་ཟོས་ཕེབས་སྐྱེལ་སོགས་བླ་ན་མེད་པའི་སྐུ་ཟོས་དང་བཅས་གདན་བཏེག་སྟེ། བདག་ཆེན་རང་སྐུ་རྐྱང་ནི་བྱང་རྭ་སྒྲེང་། སྟག་ལུང་སོགས་ལའང་ཕེབས་ཚོད་འདུག ཡུམ་སྲས་བྱིངས་རྣམས་སྔ་ཕྱི་གཅིག་འཛོམ་དུས་མཛད་པ་ཇི་ལྟར་ཡིན་རུང་། དེ་ནས་རྒོད་རྒལ་ལ་བརྒྱུད་དབུས་ལྷོ་ཁར་མཉམ་ཕེབས་ཀྱི་བསམ་ཡས་སུ་རྒྱང་ཙམ་བཞུགས་ཏེ་མཆིམས་ཕུ་དང་གཡའ་མ་ལུང་སོགས་ལ་གནས་གཟིགས་དང་། དེ་སྐབས་རབ་འབྱུང་པར་ཕུར་དབང་སྟོད་ལས་སྨད་ལས་སོགས་བསྩལ་བར་བསམ་ལྕོག་དཔེ་གར་གླིང་གི་སྟེང་ལྷ་ཁང་ཞིག་ཏུ་གནང་བ་ཞུ་མཁན་ཀྱང་མང་རབ་ཀྱི་བྱུང་ཚོད་གྱིས་ལིང་ག་རྣམས་ལ་ཞིང་བཅུ་ཚང་པའི་དགྲ་བགེགས་རྣམས་འགུགས་གཞུག་སྐབས་ཟན་ལིང་ལ་འཕར་གཡོ་དྲག་ཏུ་བྱུང་ཞིང་ཟན་ལིང་དངོས་ནས་མཐེ་བོང་སྒྲེང་བ་དང་། འགའ་ཞིག་བྲོས་སྟབས་སུ་འདུག་པ་སོགས། དེ་དུས་མཁན་ཚང་སྡེ་པ་སོགས་ཕལ་ཆེར་གྱིས་མཐོང་བ་རིག་འཛིན་བསྐུལ་ཚིག་ཏུའང་གསུངས་པ་ལྟར་དང་། དེ་སྐབས་དབང་གནང་ས་ལྷ་ཁང་གི་དབུས་དེར་བདག་ཆེན་ཉིད་ཀྱི་སྣང་བརྙན་འཇིམ་སྒྲུབ་དྲག་ཆས་ཅན་ཞིག་བཞུགས་པ་ཉེ་དུས་གོང་ས་ཐམས་ཅད་མཁྱེན་པ་ཕེབས་པ་ཞིག་ལ་