R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༠༢
[A:༥༠༢]གནས་དེར་དོགས་སྐྱོན་གྱིས་སྤོ་བར་བརྩམ་པ་ན་སུས་ཀྱང་སྒུལ་བསྐྱོད་མ་ནུས་པའི་ངོ་མཚར་ཅན་དང་། ཡར་ལུང་ཤེལ་བྲག་གནས་གཟིགས་ཀྱིས་གུ་རུའི་སྒྲུབ་ཕུག་ཏུ་ཐུགས་དམ་ཉམས་བཞེས་སྐབས་སློབ་དཔོན་རིན་པོ་ཆེས་ཐེངས་གཉིས་ཙམ་ཞལ་དངོས་སུ་བསྟན་ཏེ། མ་འོངས་ལུང་བསྟན་སྤྱི་དང་བྱེ་བྲག་སྙིགས་དུས་དེར་རྗེ་ཉིད་ནས་སྤང་བླང་ཇི་ལྟར་མཛད་དགོས་སོགས་ལུང་བསྟན་དང་རྗེས་སུ་ལུང་བསྟན་མང་དུ་བརྙེས་ཀྱང་བདག་ཆེན་ཤིན་ཏུ་གསང་བར་མཛད་པ་སོགས། བདག་ཆེན་ཉིད་ནས་ཨ་ལི་ཆོས་རྗེའི་སྤྲུལ་སྐུ་གོང་མ་ངག་དབང་ཆོས་གྲགས་ཀྱིས་ཟུར་ཙམ་བཀའ་ལས་ཐོས་ཚུལ་སྤྲུལ་སྐུ་ཉིད་ཀྱི་རྣམ་ཐར་ནང་གསལ་བ་ལས་གཞན་པའི་དེ་སྐབས་གསུང་རྒྱུན་ཟིན་བྲིས་ཞིབ་པར་མི་གནང་བས་འགོད་མ་ནུས། དེ་ལྟར་དབུས་ལྷོ་བྱང་གི་འགྲོ་དོན་རྣམས་མཛད་ཟིན་ཏེ་གཙང་གམ་པ་ལ་ནས་སྒང་བརྒྱུད་ནས་གདན་ས་ཆེན་པོ་དང་ཉེ་བར་ཕེབས་པ་ན། དེར་བཞུགས་རྣམས་ནས་སེར་འཕྲེང་རྡོ་རྗེ་ཆོས་སྐྱོང་ཕེབས་པ་དང་བཅས་ཕོ་བྲང་གཞི་ཐོག་ཏུ་གདན་དྲངས་ཏེ་དེའི་སང་ནས་བཟུང་ཆོས་སྲུང་རྣམས་ལ་བསྐང་གསོ་བརྒྱ་ཚར། གཞིས་བྱེས་རྣམས་ལ་གསོལ་སྟོན་རྒྱ་ཆེར་སྩོལ་བ་སོགས་དགའ་སྟོན་གྱི་དཔལ་ལ་རོལ་བ་མཛད་དོ། །དེ་ནས་རིང་མིན་མགོན་ཁང་རྣམས་སུ་གཏང་རག་དང་སྔར་ཡར་ལུང་ཤེལ་བྲག་ཏུ་ཞལ་གཟིགས་ཇི་ལྟར་བྱུང་བ་བཞིན་གུ་རུ་རིན་པོ་ཆེ་གཙོ་འཁོར་གྱི་སྣང་བརྙན་རིན་ཆེན་གཉིས་པ་ལས་གྲུབ་པ་ཚ་གསེར་ཅན་རིན་ཆེན་དུ་མའི་ཕྲ་ཚོམ་ཀྱིས་སྤྲས་པའི་བཞུགས་ཁྲི་གསེར་ཟངས་ལས་གྲུབ་པ་ནང་