R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༡༣
[A:༥༡༣]ཐོལ་བྱུང་དུ་གསུངས་ཏེ། གསོལ་འདེབས་མཛད་པར་གསུངས་རྒྱུན་ལས་བྱུང་ཞིང་། ལོ་རྒྱུས་འདི་ལ་དཔག་ན་སྐུ་གདུང་ཡང་འོད་དུ་ཡལ་ལ་ཁད་ཀྱི་བྱིས་པ་ལོ་བརྒྱད་དམ་ཆུང་ངུ་ཞིག་ལས་མེད་པར་མངོན་ཞིང་། འོན་ཀྱང་སྔོན་དུ་ཞིང་བརྗེས་ཟིན་ཀྱང་ཐོག་ཁ་ནས་བརྩེ་བས། དངོས་སུ་གཟིགས་ཏེ། གཙང་ཆུ་ལ་གྱ་ཚོམ་དུ་ཕེབས་ཚེ་སྐུ་ལ་གནོད་རྐྱེན་བྱུང་དོགས་སྐུ་ཡི་བཀོད་པ་གཉིས་བསྟན་པ་གདོན་མི་ཟ་བས་དོན་དུ་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བ་འདི་གཅིག་པུའི་རྣམ་ཐར་ཡང་གཞན་གྱིས་དཔག་དཀའ་འོ། །དེ་ནས་སྐུ་གདུང་མདུན་མཆོད་ཚོགས་བླ་མཆོད་ཐུགས་དམ་འཛིན་མི་དུས་མཐའི་ཞལ་བཀོད་སྤུར་སྦྱོང་གནང་ཡུལ་སོགས། གནས་དེར་མཛད་དང་གདན་སར་སྤྱན་འདྲེན་སོགས་གང་གནང་ཡབ་རྗེ་པད་འདུལ་རྣམ་ཐར་སོགས་སུ་མི་གསལ་ཡང་། བརྟགས་ན་བར་ལམ་གཙང་ཆུ་དང་སྤུར་སྦྱོང་ནི་ཟང་ཆོས་རང་དུ་གནང་མེད་དམ་སྙམ་པ་དང་། གདུང་རུས་སོགས་གདན་ས་ཆེན་པོར་སེར་འཕྲེང་རྒྱས་པ་དང་བཅས་གདན་དྲངས་ཏེ་མཆོད་འབུལ་དང་། མི་རིང་བར་གད་གཙང་དུ་བཏུལ་ཏེ་བླ་མ་ཡི་དམ་ཆོས་སྲུང་ནོར་ལྷ་དང་བཅས་པའི་སྐུ་སྤར་གྲངས་མང་དང་། སཙྪ་དྲི་མེད་ཀྱི་སྙིང་པོ་སོགས་བརྒྱ་སྟོང་དུ་མ་བཏབ་ཏེ། རིན་ཆེན་གཉིས་པ་ལས་གྲུབ་པའི་མཆོད་རྟེན་བཞུགས་ཁྲི་དང་གདུགས་ཆོས་འཁོར་གསེར་ཟངས་ཅན་རིན་ཆེན་དུ་མའི་རྒྱན་གྱིས་མཛེས་པའི་ནང་གཟུངས་སུ་བཞུགས་པའི་སྟེང་རིང་བསྲེལ་རྣམ་བཞི་སྤྱི་དང་བྱེ་བྲག་བླ་མ་གོང་མའི་དབུ་ལོ་ན་བཟའ། གདུང་རུས་ཐུགས་དམ་སྣང་བརྙན་སོགས་གྲངས་མང་བཞུགས།