R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༡༤
[A:༥༡༤]ད་ལྟ་རིག་འཛིན་ལྷ་ཁང་གི་ཤར་ལྷོར་ཞལ་ནུབ་བསྟན་དུ་བཞུགས་པ་འདི་ཉིད་ལ་རིགས་སྲས་བདག་ཁྲི་པདྨའི་མཚན་ཅན་ཉིད། བན་ཚང་པ་སོགས་ཆོག་གྲ་དང་བཅས་རབ་གནས་རྒྱས་པར་མཛད་ཅིང་། ཕྱི་བསྐོར་ལ་མེ་ཏོག་འཐོར་བ་གོས་སྐུ་དང་། འཕན་ནག་ཞལ་ཕྱེ་སྟེ་མཆོད་འབུལ། སྐྱེ་བོའི་ཚོགས་ལ་སྦྱིན་གཏོང་ཆེ་བ་མཛད་པ་སོགས་སྔོན་བླ་མ་གོང་མ་དང་འདྲ་བ་མཛད་པ་དང་། གཞན་ཡང་དེ་སྐབས་ཀྱི་གོང་ས་ཐམས་ཅད་མཁྱེན་པ་རྒྱལ་དབང་ལུང་རྟོགས་རྒྱ་མཚོ། པཎ་ཆེན་རིན་པོ་ཆེ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ། བོད་ཀྱི་སྲིད་སྐྱོང་རྟ་ཚག་སྐུ་གོང་མ་སོགས་དང་། གང་གི་དབུ་བླ་ཞལ་བཞུགས་རྣམས་དང་བཅས་པར་བསྔོ་རྟེན་སྤམ་མཐོ་བ་དང་། འདི་གའི་ཆོས་སྡེ་ལྷོ་བྱང་གིས་མཚོན་པ་དགོན་སྡེ་རྣམས་དང་། རིས་མེད་ཀྱི་དགོན་པ་རྣམས་སུ་དགོངས་རྫོགས་མཆོད་འབུལ། མང་འགྱེད་སོགས་རྒྱ་ཆེ་བ་དང་། ལོ་ཟླ་དུས་དྲན་གྱི་དགོངས་རྫོགས་སུ་ཆོས་སྡེ་བྱང་པ་ཚོགས་ཡོངས་ལ་ད་ལྟའི་བར་ལ་གཅུང་དང་ལྷན་ཅིག་ཀྱཻ་རྡོ་སྒྲུབ་མཆོད་ཟབ་མ་ཚུལ་གྲོལ་དགུ་དང་། དུས་ཆེན་ཉིན་སེར་འདུ་མང་འགྱེད་ཟབ་པ་ཟླ་དུས་ལ་བན་ཚང་པའི་བླ་མཆོད་བཅས། བདག་ཁྲི་པདྨའི་མཚན་ཅན་སོགས་ཡུམ་སྲས་རྣམས་ནས་ཇི་སྲིད་བར་བཙུགས་པ་བཅས་ཀྱིས་ཡབ་རྗེ་དཔལ་ལྡན་ཆོས་སྐྱོང་ངམ་དབང་སྡུད་སྙིང་པོའི་རྣམ་ཐར་རགས་ཙམ་བརྗོད་ཟིན་ཏོ། །