R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༡༥
[A:༥༡༥]༣ ཀུན་དགའ་ཕན་བདེ་རྒྱ་མཚོ། གང་གི་གཅུང་པོ་ཀུན་དགའ་ཕན་བདེ་རྒྱ་མཚོའམ་ཨེ་ཝཾ་བཟང་པོར་གྲགས་པ་ནི། ཡབ་ས་ཆེན་རྡོ་རྗེ་འཆང་ཀུན་དགའ་བློ་གྲོས་དེ་ཉིད་དགུང་གྲངས་སོ་བརྒྱད་དུ་ཕེབས་པ། མེ་ཁྱི་ལོ་ས་ག་ཟླ་བའི་ཚེས་བཞི་ཉིན་རྒྱལ་ཡུམ་ཆོས་ལུང་མ་སྐུ་གཞོན་པ་སྐལ་བཟང་བདེ་སྐྱིད་བུ་ཁྲིད་དེ་ཉིད་ལ་གཟའ་སྐར་ཟླ་ལག་ཆུ་ནང་འཕྲོད་པའི་སྔ་དྲོར་ཤར་མ་སྐྱ་ཙམ་ལ་འཁྲུངས་པ་གང་ཅིར་བཅའ་སྒྲིག་རྣམས་ཆུ་ལུག་ལོ་གདུང་སྲས་གཅེན་པོ་འཁྲུངས་སྐབས་བཞིན་མཛད་ནས། ཡབ་རྗེ་རྡོ་རྗེ་འཆང་ཉིད་ནས་སྔ་དྲོར་ལྷ་བསངས་རྒྱས་པར་མཛད་རྗེས་རྒྱལ་དབང་ཚེ་དཔག་མེད་ཀྱི་སྣང་བརྙན། སྡོམ་རིག་ཛ་བཱིར་རིག་གནས་སྐོར་རྡོར་དྲིལ་སོགས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་རྟེན་བདོག་པའི་དངོས་པོ་དང་བཅས་གནང་སྟེ་ཚེ་དཔག་མེད་ཀྱི་དབང་སོགས་བསྩལ། དེ་སྐབས་ཨེ་ཝཾ་བཟང་པོ་ཞེས་མཚན་གསོལ་བའི་རྒྱུ་མཚན་འཁྲུངས་ཚེས་སྔ་ཉིན་ཡབ་རྗེ་རྡོ་རྗེ་འཆང་ཉིད་ནས་རི་བོ་ཆེ་ནས་ཐང་སྟོང་རྒྱལ་པོས་རྣམ་ཐར་སྔ་བསྒྲིགས་སུ་གྲགས་པ་ཞིག་ལྗགས་ཀློག་གི་མུ་དང་སྔ་སོར་སྡེ་དགེར་མངགས་མ་མཛད་པ་བཞིན་བན་ཚང་པའི་དམ་ཚིག་བསྐང་གསོལ་རྡོར་དྲིལ་ཐེག་ཆེན་དངོས་གཙང་མང་དུ་སྒྲིགས་གནང་མཛད་པ་རྣམས་ལ་དགོངས་ཨེ་ཝཾ་དང་། ཐང་རྒྱལ་གྱི་མཚན་བརྩོན་འགྲུས་བཟང་པོར་གསོལ་བར་མཛད་ཅིང་། འཁྲུངས་སྟོན་དུ་ཡུམ་ཆེན་བན་ཚང་