R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༡༦
[A:༥༡༦]པས་མདོས་ཟབ་ཀྱི་འཆམ་གཟིགས་ཕུལ་ཞིང་། བསམ་བརླིང་ལྷོ་རི་རྡོ་གདུགས་འདི་གཅུང་དམ་པའི་བླ་རིར་ངོས་འཛིན་གྱིས་ཡབ་རྗེ་ཉིད་ནས་ས་འཛིན་ཕུན་ཚོགས་ཡང་རྩེར་མངའ་གསོལ་དང་། ཕུན་གླིང་རྩེར་གསེར་ཟངས་ཀྱི་རྒྱལ་མཚན་དང་། ཐུག་གསུམ་འཛུགས་གནང་གིས་གོང་མ་ལྕམ་དྲལ་ནུབ་མར་ཞལ་གཙོ་འཁོར། ཤར་མར་ལས་མགོན་ལྔ་བསྐྱེད་ཆོག་གནང་། དེ་ནས་མགོན་ཁག་བཞིར་གཏང་རག་གནང་ཚུལ་སོགས་གོང་ཡབ་རྗེ་རྡོ་རྗེ་འཆང་གི་རྣམ་ཐར་བཞིན་དང་། འཇམ་མགོན་དེ་ཉིད་གཞོན་ནུ་ནས་ཡབ་རྗེ་མཆོག་ལས་དབང་ལུང་གསན་བསམ་དང་། རྩ་རྒྱུད་བརྟག་གཉིས་སྒྲུབ་དཀྱིལ་ཆོས་སྤྱོད་གཏོར་བཟློག་སོགས་ཐུགས་ཆུད་ཀྱིས་ཚོགས་ཕེབས་སོགས། གོང་གདུང་སྲས་གཅེན་པོ་དང་ཕལ་ཆེར་འདྲ་བར་མཛད་ཚུལ་ཡབ་རྗེ་རྡོ་རྗེ་འཆང་གི་རྣམ་ཐར་བཞིན་དང་། དེ་ཉིད་ཀྱི་དགུང་གྲངས་བཅུ་གཉིས་པར་གཅེན་དང་མཉམ་དུ་འཇམ་དབྱངས་ས་པཎ་གྱི་ཆོས་ཁྲིར་ཕེབས་ཚུལ་སོགས་གོང་འགྲོ་མགོན་དབང་སྡུད་སྙིང་པོའི་རྣམ་ཐར་བཞིན་དང་། དགུང་གྲངས་བཅོ་ལྔ་པ་ཡབ་རྗེ་རྡོ་རྗེ་འཆང་གཅེན་པོ་འགྲོ་མགོན་དབང་གི་མཚན་ཅན་དང་བཅས་དབུས་འགྲུལ་ཆེན་མོར་ཕེབས་ཚུལ་གོང་ཡབ་རྗེའི་རྣམ་ཐར་བཞིན་དང་དགུང་གྲངས་བཅོ་བརྒྱད་པ་ཡབ་རྗེ་རྡོ་རྗེ་འཆང་དག་ཞིང་དུ་ཕེབས་ཏེ་དགོངས་རྫོགས་མཛད་ཚུལ་ཀྱང་གཅེན་པོའི་རྣམ་ཐར་བཞིན་ལས་བསྐྱར་ལྡབ་མ་དགོས་པ་དང་། དེ་རྗེས་རྗེ་མུས་ཆེན་དང་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་སོགས་ལས་གཅེན་པོ་དང་མཉམ་དུ་གསན་བསམ་མཛད་