R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༡༨
[A:༥༡༨]མ་དཔལ་ལ་ཞེས་གདུང་སྲས་སྐུ་མཆེད་རྣམས་ཀྱི་ཨ་ཅེ་དྲུང་དེ་ཉིད་ནི་མེ་ཁྱི་ལོར་གཤེགས་ཤིང་། ནང་རྟེན་གང་གི་ཡུམ་དང་མཉམ་པོར་བླ་བྲང་ཤར་ན་བཞུགས་ཤིང་ལོ་དུས་ཀྱི་མཆོད་འབུལ་དུ་ཨ་དྲུང་དབལ་ཞེས་ད་ལྟ་ཡང་ས་གཞུང་དུ་ཚོགས་ཆེན་ཆོ་ག་གཏོང་བ་འདི་ཡིན་ཚོད་དུ་འདུག ས་ཆེན་རྡོ་རྗེ་འཆང་ཀུན་དགའ་བློ་གྲོས་ཀྱི་སྐུ་མཆེད་གཅུང་མཐུ་སྟོབས་དབང་ཕྱུག་དང་། བདག་མ་སྒེར་པའི་སྲས་རྗེ་བཙུན་འཆི་མེད་བསྟན་པའི་ཉི་མ་ནི། ས་ཆེན་ཀུན་བློ་ལས་ལམ་འབྲས་ཚོགས་སློབ་དང་། མཁའ་སྤྱོད་སྐོར་གསུམ་གྱི་ཆོས་སྐོར་གཙོ་བོར་གྱུར་པའི་དབང་ལུང་ཁྲིད་མན་ངག་ལ་སོགས་པ་གདུང་སྲས་སྐུ་མཆེད་རྣམས་དང་འདྲ་བར་མཛད་ཅིང་། རྗེས་ལ་རིག་འཛིན་ཕོ་བྲང་དུ་བཞུགས་ཤིང་བསྙེན་སྒྲུབ་ཐུགས་དམ་སོགས་ལ་བརྩོན་པ་དང་། ལམ་འབྲས་སློབ་བཤད་དང་། ནཱ་རོ་མཁའ་སྤྱོད་ཀྱི་ཆོས་སྐོར་སོགས་མང་དུ་གནང་ཞིང་། དུས་ཕྱིས་ཡང་རྗེ་པད་འདུལ་སྐུ་མཆེད་རྣམས་ཀྱི་ལམ་འབྲས་སློབ་བཤད་དང་། མཁའ་སྤྱོད་མའི་བྱིན་རླབས་ཁྲིད་ལུང་ལ་སོགས་པ་མང་དུ་གསན་ཅིང་། སྡེ་དགེ་བླ་མ་ངག་དབང་རིན་ཆེན་ཞེས་ལམ་འབྲས་སློབ་བཤད་བརྒྱུད་པ་བཞུགས་པ་དེ་ཉིད་ལ་མཁའ་སྤྱོད་མའི་བྱིན་རླབས་གནང་སྐབས་ཐོད་པའི་བདུད་རྩི་ཁོལ་ཞིང་ལུད་པ་ཀུན་གྱིས་མཐོང་བ། བླ་མ་དེ་ཉིད་ནས་མང་དུ་ཞུ་བར་མཛད་ཅིང་། ཉིད་ཀྱི་གསུང་ལས། བོད་ན་ཁྱེད་ལྟ་བུ་བཞུགས་པ་མཐོང་བས་ཁོ་མོའི་ལྟ་བྱེད་དབང་པོ་ཇེ་གསལ་ལ་སོང་ཕན་ཚུན་དག་སྣང་འགྲན་པ་བཞིན་གྱི་ལོ་རྒྱུས་གསན་པས། ཁམས་ཕྱོགས་ཀྱི་བླ་སྤྲུལ་ཕལ་ཆེར་གྱིས་