R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༡༩
[A:༥༡༩]མཁའ་སྤྱོད་མའི་བྱིན་རླབས་གསན་ཀྱང་སླར་བྱིན་རླབས་ཆེ་བས་བླ་མ་ངག་དབང་རིན་ཆེན་ཉིད་ལ་བསྐྱར་ནས་གསན་ཚུལ་དང་། དུས་ཕྱིས་འཇམ་དབྱངས་མཁྱེན་བརྩེ་དབང་པོས་བླ་མ་དེ་ཉིད་ལ་བསྐྱར་ལྡབ་ཏུ་གསན་པ་སོགས་གྲུབ་པའི་དབང་མོར་བཞུགས་ཤིང་། སྐུ་ཚེ་ཡང་རིང་པོ་བཞུགས་པས་རིན་ཕོའི་རྨོའུ་དྲུང་དུ་གྲགས་པ་དེ་ཉིད་གཤེགས་པའི་ནང་རྟེན་ནཱ་རོ་མཁའ་སྤྱོད་མའི་སྣང་བརྙན་རིན་ཆེན་གཉིས་པ་ལས་གྲུབ་པའི་སྐུ་རྒྱན་སོགས་འགྲན་བྲལ་ད་ལྟ་ལྷ་ཆེན་ཁྱམས་སྟོད་ན་བཞུགས་པ་འདིའོ། །འདིར་སྨྲས་པ། འོག་མིན་གཉིས་པ་དཔལ་ལྡན་ས་སྐྱ་འདིར། །བླ་ཆེན་གོང་མ་སྤྱི་དང་ཁྱད་པར་དུ། །སྔགས་འཆང་ཆོས་རྗེ་ཨ་མེས་ཞབས་སོགས་དང་། །བྱེ་བྲག་ས་ཆེན་ཀུན་བློ་ཡབ་སྲས་ཀྱི། །རྣམ་ཐར་གསོན་དང་བཅོས་མིན་དད་པ་འཕེལ། །དེ་ལྟར་བསམས་ཀྱང་ཡི་རང་མི་བསྐྱེད་ན། །རེ་ཞིག་སྲིད་ལས་ཐར་བའི་སྐབས་མེད་ཕྱིར། །ཞིམ་རྒུ་ཟོས་ལ་བདེ་བར་གཉིད་བྱོས་ཤིག །ཅི་བྱེད་ཡིད་ཆེས་དད་གསུམ་འཕེལ་འགྱུར་རྣམས། །བདེ་ནས་བདེ་བར་རིང་པོ་མི་ཐོགས་པར། །རྣམ་གྲོལ་གོ་འཕང་མཆོག་ལ་རེག་གྱུར་ཏེ། །བསླུ་མེད་རྒྱུ་དང་འབྲས་བུའི་དངོས་པོའི་གཤིས། ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། ༤ པད་མ་བདུད་འདུལ་དབང་ཕྱུག དེ་ལྟ་བུའི་ཡབ་རྗེ་དཔལ་ལྡན་ཆོས་སྐྱོང་ངམ། འགྲོ་མགོན་དབང་སྡུད་