R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༢༡
[A:༥༢༡]དུ་མ་དང་བཅས་སྐུ་བལྟམས། དེ་སྐབས་ཡབ་རྗེ་དབང་གི་མཚན་ཅན་ཉིད་ཀྱི་དབུ་བླ་ཉམས་རྟོགས་མངའ་བདག་མུས་ཆེན་ཆོས་ཉིད་ཡེ་ཤེས་དེ་ཉིད་ཡ་ག་ཆོས་སྡིངས་ཀྱི་མཁན་པོ་མཛད་ནས། ཞེ་དགོན་དུ་འཆད་ཉན་མཛད་སྐབས་ནམ་མཁའི་ཤར་ལྷོའི་ཕྱོགས་སུ་འཇའ་ཚོན་སྣ་ལྔ། པདྨ་སྤུངས་པ། བཀྲ་ཤིས་རྟགས་བརྒྱད། མཆོད་རྟེན་བརྩེགས་པ། ལ་སོགས་ཉིན་ཁ་ཤས་བསྟུད་མར་བྱུང་བ། ས་སྐྱར་གདུང་འཁྲུངས་པའི་རྟགས་སུ་གཟིགས་པ་བཅས། སྐབས་འདིར་ས་སྐྱར་ཡབ་རྗེ་དབང་གི་མཚན་ཅན་སྐུ་རྐྱང་ལས་གདུང་བརྒྱུད་ཤིན་ཏུ་ཉག་ཕྲ་བའི་དུས། ཡབ་རྗེ་ཉིད་སོགས་ཚང་མ་ཐུགས་དགེས་པར་གྱུར་ཅིང་། ཡབ་རྗེ་མཆོག་ནས་གང་གི་རིགས་སྲས་དམ་པ་ཡུམ་བཅས་པར། རབ་དཀར་ལྷ་རྫས་ཀྱི་མགུལ་དར། རྟེན་གསུམ་བདོག་པའི་དངོས་པོ་དང་བཅས་པ་བསྩལ་ནས་རྒྱལ་སྲས་ཀྱི་སྤྱི་བོར་ཕྱག་བཞག་སྟེ་ཨཱ་ཡུ་བྷྲུཾ་ཞེས་གསུངས་ཤིང་། རིམ་བཞིན་རྒྱལ་བ་ཚེ་མཐའ་ཡས་པ་ལྷ་དགུའི་དབང་དང་། གདུང་སྲས་ཕེབས་པའི་གཏང་རག་ཏུ། ཕུན་གླིང་ཐོག་ཁའི་ཐུག་ཆེན་རྣམས་ལ་ཉམས་གསོ་དང་གསར་འཛུགས་སོགས་དང་། མགོན་ཁག་སྤྱི་དང་ཁྱད་པར་ཞིང་སྐྱོང་ཆེན་པོ་ཙ་རུ་རྨུ་ཁ་དང་། དཔལ་ལྡན་དམག་ཟོར་རྒྱལ་མོ་ཟུང་ལ་གདུང་རབས་མྱུར་འབྱོན་གྱི་འཕྲིན་བཅོལ་དམིགས་ཕུག་མཛད་པ་གསུངས་པ་བཞིན་དེ་གཉིས་ལ་གཏང་རག་ཀྱང་ཟབ་པར་ཡོད་འགྲོ་ཞིང་། གོང་དབང་གི་མཇུག་ཐོག་ཏུ་མཚན་དུ་པདྨ་བདུད་འདུལ་དབང་ཕྱུག་གམ། ངག་དབང་ཀུན་དགའ་བཀྲ་ཤིས་མཐུ་སྟོབས་བསྟན་འཛིན་བཟང་པོ་ཞེས་གསོལ་བ་ལྷོ་བྱང་འདུས་སྡེར་མང་ཇ་ཟབ་མའི་ཐོག་