R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༢༠
[A:༥༢༠]སྙིང་པོའི་གསང་ཡུམ་ངོ་མར་གདུང་སྲས་མ་བྱུང་ཞིང་། དེ་རྗེས་རྟ་ནག་རང་བྱོན་པའི་སྲས་མོ་བགྲེས་གཞོན་གཉིས་ལས་སྔ་མ་ལ་གདུང་རིགས་གསུམ་ཙམ་བྱོན་པ་ལས། གཅེན་པོ་པདྨ་བདུད་འདུལ་དབང་ཕྱུག་གམ་མཐུ་སྟོབས་བསྟན་འཛིན་བཟང་པོ་ནི། ཡུམ་གྱི་ལྷུམས་སུ་བཞུགས་པའི་ཚེའང་ཡབ་རྗེ་དབང་གི་མཚན་ཅན་ཉིད་ཀྱི་མནལ་ལྟས་སུ། ས་ཆེན་རྡོ་རྗེ་འཆང་ཀུན་དགའ་བློ་གྲོས་དེ་ཉིད་ཀྱི་ཡབ་རྗེ་ཉིད་ལ་བཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་བསྩལ་བ་ཤར་བ་དང་། ཡུམ་གྱི་མནལ་ལྟས་སུ་གཟིམ་སྦུག་ཐོས་བསམ་འབྲུག་སྒྲའི་གཞི་ཐམས་ཅད་ལི་ཁྲིར་འཆར་བ་གཟིགས་པ་དང་། དཔོན་སློབ་ལྔ་རིག་པ་ཀུན་དགའ་བཀྲ་ཤིས་ཀྱི་མནལ་ལྟས་སུ་ཡབ་རྗེ་ཀུན་དགའ་བློ་གྲོས་དེ་ཉིད་ན་བཟའ་སྐུ་སྦྱར་དྲི་མ་མེད་པ་གསོལ་ཏེ། ཕུན་གླིང་དེ་ཉིད་ཀྱི་སྐས་ཐུང་འོག་ཏུ་མཇལ་ཉམས་དང་ཕྱག་མཛད་ནས་ཡབ་རྗེ་གར་ཕེབས་ཞུས་པས། ངོས་ཕུན་ཚོགས་གཟིམ་སྤྱིལ་དུ་འགྲོ་གསུངས་ཏེ། ཐོགས་མེད་བྱོན་པ་འཁྲུངས་པ་དང་བཅས། ཡབ་རྗེ་དབང་སྡུད་སྙིང་པོ་དེ་ཉིད་དགུང་གྲངས་སུམ་ཅུ་པ་དང་། ཡུམ་རང་བྱོན་མ་སྐལ་བཟང་ལྷ་ཡི་བུ་ཁྲིད་འཆི་མེད་ཚེ་དབང་དེ་ཉིད་ལས། ཆུ་ཕོ་བྱི་བའི་ལོ་བདག་ཅག་གི་སྟོན་པ་བལྟམས་པ་དང་མངོན་པར་སངས་རྒྱས་པ་དང་། མྱ་ངན་ལས་འདས་པ་དུས་གསུམ་ཚང་བའི་ས་ག་ཟླ་བའི་ཚེས་བཅོ་བརྒྱད་ཉིན་རེ་གཟའ་ལྷའི་བླ་མ་ཟླ་སྐར་ཆུ་སྟོད་དང་འཕྲོད་པའི་དུས་ཕྱི་མ་ཕྱེད་ལ་གཟིམ་ཆུང་ཕུན་ཚོགས་གླིང་དུ་ཡུམ་ལ་གནོད་པ་མེད་པ་འཇའ་འོད་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་